བོད་དུ་ཇ་དང་དཀར་ཡོལ་ཇི་ལྟར་དར་ཚུལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-05-30   རྩོམ་ཁུངས།    «སྤང་རྒྱན་མེ་ཏོག»༢༠༢༣ལོའི་དུས་དེབ་འཕར་མ།

        ཤོད་སྲོལ་ལྟར་ན་སྤྱི་ལོའི་དུས་རབས་བདུན་པ་ཙམ་ལ་བོད་དུ་ཇ་དང་དཀར་ཡོལ་དར་བར་གྲགས། དེ་ཡང་བོད་བཙན་པོའི་རྒྱལ་རབས་སོ་དྲུག་པ་སྟེ། བཙན་པོ་འདུས་སྲོང་མང་པོ་རྗེའི་དུས་སུ། ཐེངས་ཤིག་བཙན་པོར་སྙུན་གཞི་ཕོག་པས། གསོ་དཔྱད་ཀྱི་ཐབས་གང་སྤྱད་ཀྱང་དྲག་སྐྱེད་དེ་ཙམ་མ་བྱུང་། ཉིན་ཞིག་རྒྱལ་པོ་ཕོ་བྲང་དུ་གཟིམ་བཞུགས་པའི་ཚེ་ན་སྒེའུ་ཁུང་གི་དྲ་མའི་སྟེང་ལ་ས་ཕྱོགས་གང་ནས་འཕུར་ཡོང་བ་མི་ཤེས་པའི་བྱིའུ་སྙིང་རྗེ་པོ་ཞིག་གིས་ཤིང་ལོ་སོས་པ་ཞིག་འཁྱེར་ཡོང་སྟེ་དེར་གཡུགས་པ་གཟིགས། རྒྱལ་པོས་ཡ་མཚན་དུ་དགོངས་ཏེ། ཤིང་ལོ་དེ་ཡར་བསྒྲུགས་ནས་ཆུ་འཁོལ་ནང་སྦངས་ནས་གསོལ་བས། དེ་ནས་བཟུང་ཉིན་རེ་བཞིན་སྙུན་གཞི་ཇེ་དྲག་ཏུ་སོང་ཞིང་། རིག་པ་དྭངས་གསལ་དུ་གྱུར་ལ་སྐུ་ཡི་གཟི་མདངས་སྔར་བཞིན་རྒྱས། དེ་ནས་རྒྱལ་པོས་བློན་ཆེན་རྣམས་འདུན་མར་བསྡུས་ཏེ། བྱིའུ་ཡིས་ཁྱེར་ཡོང་བའི་ཤིང་ལོ་དེ་གང་དུ་ཡོད་པ་འཚོལ་བར་འགྲོ་དགོས་པའི་བཀའ་ཕབ།

        བློན་ཆེན་ཞིག་གིས་བོད་བཙན་པོའི་ས་མཚམས་ནས་བརྒལ་ཏེ། རྒྱ་ནག་དབུས་རྒྱུད་དུ་ཕྱིན་ནས་ཤིང་ལོ་དེ་འཚོལ་བར་སོང་བས། ཤིང་དང་ཤིང་ལོ་དེ་ནས་རྙེད། བློན་ཆེན་དེ་དགའ་ཐག་ཚོད་ནས་ཕྱིར་ལོག་པའི་ལམ་བར་དུ། ཧ་ཅང་བརྒལ་བར་དཀའ་བའི་ཆུ་ཆེན་ཞིག་ལ་ཐུག་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་པའི་སྐབས་དེར། ཉ་མོ་ཞིག་གིས་བློན་ཆེན་ལ་ཆུ་ཡི་རབ་ཁ་བསྟན་པས། མྱུར་དུ་ཆུ་ཆེན་ལས་བདེ་སྒྲོལ་ཐུབ་པ་བྱུང་། དེ་ནས་ལམ་བར་དུ་བློན་ཆེན་དེས་ཤྭ་བ་ཡུ་མོ་ཞིག་བཟུང་སྟེ། ཤིང་ལོ་རྣམས་ཤྭ་བ་ཡུ་མོ་དེ་ལ་བཀལ་ནས་ཕེབས་པས། མཐར་བདེ་འཇགས་ངང་བོད་དུ་འབྱོར་ཐུབ་པ་བྱུང་། བློན་ཆེན་གྱིས་འདུས་སྲོང་མང་པོ་རྗེའི་སྐུ་མདུན་དུ་བཅར་ནས། རྒྱལ་པོ་ལགས། བྱིའུ་ཡིས་ཁྱེར་ཡོང་བའི་ཤིང་ལོ་དེ་འདི་ཡིན་ནམ། འདི་ནི་རྒྱ་ཡུལ་གྱི་ཇ་ཤིང་གི་ལོ་མ་ཡིན་འདུག་ཅེས་ཞུས་པར། བཙན་པོ་འདུས་སྲོང་མང་པོ་རྗེ་ཐུགས་ཤིན་ཏུ་དགྱེས་ཏེ། འདི་རང་རེད་ཅེས་གསུངས། དེ་ནས་བཟུང་བོད་དུ་ཇ་འཐུང་བའི་སྲོལ་དར་ཞིང་། ཇ་ནི་བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་མེད་དུ་མི་རུང་བའི་བཏུང་བྱ་གཙོ་བོ་ཞིག་ཏུ་གྱུར་ཅེས་གྲགས།
        ཇ་འཐུང་བའི་སྲོལ་དར་རྗེས། བཙན་པོ་འདུས་སྲོང་མང་པོ་རྗེས་ཇ་འཐུང་བར་ཆེད་དུ་སྤྱད་བྱའི་ཕོར་པ་སྤུས་ལེགས་ཤིག་དགོས་པ་འདུག་དགོངས་ཏེ། ཡང་བང་ཆེན་མངགས་ཏེ་རྒྱ་ཡུལ་ནས་དཀར་ཡོལ་བཟོ་མཁན་ལག་རྩལ་པ་གདན་འདྲེན་ཞུ་བར་བཏང་། རྒྱ་ནག་ནས་དཀར་ཡོལ་བཟོ་མཁན་གདན་དྲངས་རྗེས་རྒྱལ་པོའི་སྐུ་མདུན་དུ་དཀར་ཡོལ་བཟོ་བའི་རྒྱུ་ཆ་དང་བཟོ་བའི་གོ་རིམ་སོགས་སྙན་སྒྲོན་ཞུས་པས། རྒྱལ་པོ་མཆོག་ནས་ཞིབ་པར་གསན་རྗེས། ཨོ། དེ་སྔ་ང་ཚོས་རྒྱུ་ཆ་གང་ཞིག་དང་ལག་ཆ་གང་ཞིག་སྤྱད་ནས།་དཀར་ཡོལ་བཟོ་དགོས་པ་མ་ཤེས། ད་བྱེད་དུས་འདི་འདྲ་ཡིན་ན་ང་ཚོ་རང་ཉིད་ཀྱིས་བཟོ་བར་བྱའོ། །ཞེས་གསུངས་པ་དང་། རྒྱ་ནག་གི་ལག་རྩལ་པས་རྒྱུ་ཆ་རབ་ནི་ནོར་བུའི་རིགས་དང་། རྒྱུ་ཆ་འབྲིང་ནི་རྡོ་འབྲུམ། རྒྱུ་ཆ་ཐ་མ་ནི་རྡོ་དཀར་ཡིན་ཡང་ཆོག་ཅེས་ཞུས་པས། རྒྱལ་པོ་ན་རེ། ཨོ། དེ་འདྲ་ཡིན་ན་རང་རེའི་བང་མཛོད་དུ་རྒྱུ་ཆ་འདི་གསུམ་པོ་ཡོད་པ་ཡིན་པས་འདོན་པར་བྱའོ། །ཞེས་གསུངས། ཡང་དཀར་བཟོ་བས་དཀར་ཡོལ་ལ་རིམ་པ་མང་བས་གང་ཞིག་བཟོ་དགོས་སམ་ཞུས་པར། རྒྱལ་པོ་ན་རེ། བདག་ལ་དཀར་ཡོལ་འདི་འདྲ་ཞིག་བཟོ་དགོས་ཡོད་དེ། སྔར་རྒྱ་ནག་ཡུལ་དུ་དར་མ་མྱོང་ཞིང་། དབྱིབས་ནི་མཛེས་ཤིང་ཡིད་དུ་འོང་བ་དང་། ཁ་རྒྱ་ཆེ་ཞིང་དཀྱེལ་ཡངས་པ། དཀར་ཡོལ་གྱི་རིས་ནི་སྲབ་ལ་ཞབས་ར་ཐུང་བ། མདངས་དྭངས་ཤིང་དཀར་ལ་འོད་ལྷམ་མེར་འཚེར་བ་ཞིག་དགོས་པ་མ་ཟད། དཀར་ཡོལ་དེའི་མིང་ལ་ཡང་དེ་སྔ་བོད་བཙན་པོའི་ཡུལ་ལ་མ་གྲགས་ཤིང་། ཚེ་རིང་ནོར་འཕེལ་ཡོང་བའི་སྨོན་ལམ་འགྲུབ་པ་ཞིག་དགོས་པས། ད་ནི་དཀར་ཡོལ་གྱི་མིང་ལ་ཚེ་དར་ཞེས་ཐོགས་ཤིག་ཅེས་གསུངས། ཡང་དཀར་བཟོ་བས། འོ་ན་དཀར་ཡོལ་གྱི་རི་མོ་ལ་གང་ཞིག་འགོད་པར་བྱའམ་ཞེས་བཀའ་འདྲི་ཞུས་པར། བཙན་པོ་ན་རེ། ཇ་ཡི་ལོ་མ་ནི་དང་ཐོག་བྱིའུ་ཞིག་གིས་བོད་དུ་ཁྱེར་ཡོང་བ་ཡིན་པས། དཀར་ཡོལ་རབ་ལ་བྱིའུ་ཆུང་གིས་ཤིང་ལོ་ཁྱེར་བ་ཞིག་བྲིས་ཤིག། དཀར་ཡོལ་འབྲིང་ལ་ཉ་མོ་ཆུ་ལ་འཁྱུག་པ་ཞིག་བྲིས་ཤིག། དཀར་ཡོལ་ཐ་མ་ལ་ཤྭ་བ་ཡུ་མོ་སྤང་ལ་རྒྱུག་པ་ཞིག་བྲིས་ཤིག། དེ་དག་ལས་ཞན་པའི་དཀར་ཡོལ་ལ་རི་མོ་གང་ཞིག་འབྲི་དགོས་མིན་ནི་དཀར་བཟོ་བ་ཁྱོད་ཚོས་སོམས་ཤིག་ཅེས་གསུངས།
        དེ་ནས་དཀར་བཟོ་བ་ཚོས་དཀར་ཡོལ་བཟོ་བའི་རྒྱུ་ཆ་བཟང་ཞན་དང་། བཟོས་རྗེས་དྭངས་ལོས་ལ་གཞིགས་ཏེ། དཀར་ཡོལ་ཚེ་དར་དེའང་རྣམ་པ་དྲུག་ལ་ཕྱེ་ནས་བཟོས་པ་དང་། རྒྱལ་པོའི་བཀའ་བཀོད་བཞིན་དཀར་ཡོལ་ལེགས་གྲས་གསུམ་ལ་ཁག་སོ་སོར་དཀར་ཚེ་དང་། གནམ་ཚེ། ནང་ཚེ་ཞེས་དང་། དེ་མིན་དཀར་ཡོལ་ཕལ་པ་རྣམས་ལ་དར་ཚེ་དང་། སྔོ་ཚེ། འདོལ་ཚེ་ཞེས་བཏགས་སོ། །ཚེ་དར་ཞེས་པའི་མིང་དུ་བཏགས་པའི་དཀར་ཡོལ་དེ་དག་ནི་སྔར་རྒྱ་ནག་ཡུལ་དུ་བྱུང་མྱོང་མེད་པར་བོད་བཙན་པོ་ཁོ་ནར་ཡོད་པ་ཞིག་ཡིན་པར་གྲགས་སོ། །