ལྕགས་ལམ་ཤར་གཏོང་ལས་གཉེར་བྱས་ནས་ལོ་ཕྱེད་སོང་བའི་ཐད་ཀྱི་གཏམ་བཟང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        

        གསར་འགོད་པས་ཀྲུང་གོའི་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་གསལ་བྱུང་དོན། ཟླ་5པའི་ཚེས་26ཉིན།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ལས་གཉེར་བྱས་ནས་ལོ་ཕྱེད་སོང་རིང་འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཚང་མ་འཕར་རྒྱུ་མངོན་འགྱུར་བྱུང་ཡོད།

        

        རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་118.3སྐྱེལ་བ།
        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་ནས་བཟུང་།  ཀྲུང་གོའི་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ཚད་ཡོད་ཀུང་སི་ཡིས་ལྕགས་ལམ་སྐྱེལ་འདྲེན་གྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ནས་ལམ་རྒྱུད་ས་ཁུལ་དུ་སློབ་སྦྱོང་དང་།ཡུལ་སྐོར།ཚོང་དོན་སོགས་ཕྱིར་སྐྱོད་དགོས་མཁོར་ཞབས་འདེགས་ཞུས་ཏེ་ཡུན་ནན་ནུབ་བྱང་གི་མི་རིགས་ཁག་གི་མང་ཚོགས་རྒྱ་ཁྱབ་ཏུ་འགྲོ་འོང་དང་།ཕྱོགས་ཡོངས་ནས་སྤེལ་རེས།མཉམ་འདྲེས་གཏིང་ཟབ་བཅས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།  བདེ་ཆེན་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན་2024ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་71.50ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་64.5%འཕར་བ་དང་རིམ་རྩིས་བྱས་ན་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་4.09མངོན་འགྱུར་བྱུང་བ་དེ་དུས་མཚུངས་ལས་60.2%འཕར་ཡོད་པ་རེད།  2024ལོའི་"ལྔ་གཅིག་"གུང་གསེང་རིང་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་78.24ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་6.41%འཕར་བ་དང་ཉིན་རེའི་ཆ་སྙོམས་སྣེ་ལེན་ཆུ་ཚད་2019ལོ་ལས་53.65%འཕར་ཡོད་པ་རེད།

        མིག་སྔར།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཉིན་ལྟར་མེ་འཁོར་གཏོང་ཚད་དེ་ཐོག་མའི་མེ་འཁོར་8ནས་ད་ཆའི་མེ་འཁོར་14བར་མང་དུ་ཕྱིན་པ་དང་།2024ལོའི་ཟླ་5པའི་ཚེས་1ཉིན་འགྲུལ་པ་མི་ཐེངས་13916སྐྱེལ་འདྲེན་བྱས་ནས་ཤར་གཏོང་ལས་གཉེར་བྱས་ཚུན་གྱི་ཉིན་གཅིག་གི་འགྲུལ་པ་སྐྱེལ་ཚད་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་རེད།མིག་སྔའི་བར་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱིས་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་ཁྲི་118.3བསྐྱལ་ཡོད་པ་རེད།

        ས་མཐོའི་དངོས་ཟོག་འཛམ་གླིང་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རོགས་བྱས་པ།
        ཡང་ཐང་ལས་གཉེར་ཁང་གིས་ས་ཚིགས་བཙུགས་པ་ནས་བཟུང་ཁྱོན་དངོས་ཟོག་ཏུན་73700ལྷག་ཙམ་རྩིས་ལེན་བྱས་པ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐོག་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་ཁྲི་65.4ལས་བརྒལ་བ།རྡོ་སོལ་དང་གྲོ་སོགས་དངོས་ཟོག་རྒྱུན་ཆད་མེད་པར་ལྕགས་ལམ་བརྒྱུད་སེམས་ཀྱི་ཉི་ཟླར་འབྱོར་བ་དང་བེ་ཤ་དང་ལྕ་བ་སོགས་ས་མཐོ་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་བསྐྱོད་ཡོད།
        ཀྲུང་གོ་ལྕགས་ལམ་མྱུར་སྐྱེལ་ཁུན་མིང་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོང་ཅིན་ཧྥུའུ་ཡིས་"ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་རྗེས་ང་ཚོས་དུས་གཅིག་ཏུ་མྱུར་བགྲོད་ལྕགས་ལམ་མྱུར་སྐྱེལ་ལས་སྒོ་གཉེར་འགོ་ཚུགས་ཡོད།སྐྱེལ་འདྲེན་བྱེད་ཤུགས་འགན་ལེན་ཐད་ཉིན་ལྟར་ཉུང་མཐར་ཡང་སྐྱེལ་འདྲེན་བྱེད་ཤུགས་ཐེངས་4མཁོ་འདོན་ཐུབ་པ་དང་།དམིགས་བསལ་གྱི་གནས་ཚུལ་འོག་ང་ཚོས་ཀྱང་འགྲུལ་སྐྱེལ་འཁོར་སྒྲོམ་སྔོན་འཇོག་བྱས་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་མགྱོགས་ཤོས་ལ་ཆུ་ཚོད་4དང་སྐར་མ་30ཡི་ཐོག་ཁུན་མིང་དུ་འབྱོར་ཐུབ་པ་དང་དེ་ནས་ཁུན་མིང་ནས་རྒྱལ་ཡོངས་སུ་ཁྱབ་འགྱེད་ཐུབ་ཀྱི་ཡོད་"ཅེས་བཤད།

        ཞབས་ཞུའི་ནང་དོན་རྒྱུན་མཐུད་ཕུན་སུམ་ཚོགས་སུ་གཏོང་བ།
        ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་མེ་འཁོར་ཐོག་གི་སྟེགས་རས་དང་སྔས་ཤུབས་སོགས་སྐལ་བཟང་མེ་ཏོག་གི་རི་མོ་སྤྱད་པ་དང་འཁོར་སྒྲོམ་ནང་"བཀྲ་ཤིས་ཟས་རིགས་"བརྗོད་བྱ་གཙོ་བོར་བྱས་པའི་ཟ་ཁང་ཡོད་པ་རེད།མེ་འཁོར་ཐོག་ཁྲག་དབྱང་དཔྱད་ཆས་སྒྲིག་སྦྱོར་བྱས་ནས་དགོས་མཁོ་ཡོད་པའི་འགྲུལ་པར་ཞིབ་དཔྱད་ཚད་ལེན་དང་བེད་སྤྱོད་བྱ་རྒྱུར་སྟབས་བདེ་བསྐྲུན་ཏེ་འགྲུལ་པ་མེ་འཁོར་ནང་འཛུལ་མ་ཐག་གངས་ལྗོངས་ས་མཐོའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཚོར་ཐུབ་པ་བྱས་པ་རེད།
        ཟླ་5པའི་ཚེས་26ཉིན།  ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་ནས་ལོ་ཕྱེད་སོང་བའི་སྐབས་སུ་ཀྲུང་གོའི་ལྕགས་ལམ་ཁུན་མིང་ཅུས་ཁུན་མིང་འགྲུལ་སྐྱེལ་དུམ་བུས་འགྲུལ་སྐྱེལ་མེ་འཁོར་ཐེངས་གྲངས་C118ཐོག་འགྲུལ་པར་སྣ་མང་ཕུན་སུམ་ཚོགས་པའི་མེ་འཁོར་ལེ་ཚན་བསྐྱལ་བ་དང་ས་མཐོའི་མེ་འཁོར་གྱི་ཇ་བསྲུབས་མའི་ཁྱད་ལྡན་བཏུང་བྱ་བཏོན་ནས་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གྱི་ཞབས་ཞུའི་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་བ་རེད།