ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་95པ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  ཟླ་6པའི་ཚེས་4ཉིན།  ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་95པ་འཚོགས་ཤིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་འགོད་མཛུབ་སྟོན་གྱི་དགོངས་དོན་དང་།  ཞིང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།  རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ཞིབ་འཇུག་བྱས་པ།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གྲོས་ཚོགས་གཙོ་སྐྱོང་བྱས་པ་རེད།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་སྲིད་འཛིན་སློབ་ཚན་འཛུགས་སྐྱོང་ཐད་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སློབ་གྲྭའི་འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་བརྟན་པོ་མཐའ་གཅིག་ཏུ་སྲུང་བ་དང་། བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་སྲིད་འཛིན་སློབ་ཚན་མ་ལག་འཛུགས་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུལ་སྐོར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་བདེ་ཆེན་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ཚོང་འགུགས་མ་འདྲེན་དང་ཡུལ་སྐོར་རྣམ་གྲངས་ལ་དམ་འཛིན་ཤུགས་ཆེན་བྱས་ནས་སྐབས་གཉིས་པའི་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི་"རིག་གནས་ཡུལ་སྐོར་དུས་ཆེན་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པའི་ལས་ཀའི་མ་ལག་འཛུགས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་ཁྲོམ་རའི་བསྡུ་ལེན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ནས་ཐབས་བརྒྱ་ཇུས་སྟོང་ངང་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་》སློབ་སྦྱོང་དང་། ཉེན་ཟོན་སློབ་གསོ། དྲིལ་བསྒྲགས་འགྲེལ་བཤད། ཆེད་དོན་གསོ་སྦྱོང་སོགས་ཀྱི་ལས་དོན་དམ་འཛིན་གཏིང་ཟབ་བྱས་ཏེ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་དང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་བར་སྐུལ་འདེད་གཏོང་དགོས།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།རིམ་པ་ཁག་དང་སྡེ་ཚན་ཁག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ལ་དམིགས་ནས་དུས་ཚིགས་གཉིས་པ་དང་གསུམ་པའི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ཏེ་རྣམ་གྲངས་ལས་འགོ་འཛུགས་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པས་སེམས་རྣལ་དུ་ཕབ་ནས་ཨར་ལས་རུ་དཔོན་ཡག་པོ་བྱས་ཏེ་ལས་དོན་ཁག་ལ་"གདེང་ཚོད་ཡོད་པ་"བྱེད་དགོས།

        གྲོས་ཚོགས་ཐོག་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་དག་ཐེར་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ལེན་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ཆེ་རུ་བཏང་ནས། མིག་སྔ་དང་ཕུགས་ལ་གཞི་ཚུགས་ཏེ་འཕྲལ་སྒྲུབ་འཕྲལ་བཅོས་ལ་དམ་འཛིན་ཡག་པོ་བྱེད་པ་དང་གཅིག་ཤེས་ཀུན་གྲོལ་གྱིས་མངོན་གསལ་དོད་པའི་གནད་དོན་དག་ཐེར་ལ་དམ་འཛིན་ཡག་པོ་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་ཟོན་བདེ་འཇགས་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ་དང་གནོད་འཚེ་ཆེ་ཤོས་ལ་བསམ་བློ་གཏོང་བ་དང་ཕན་པ་ཆེ་ཤོས་ལ་བརྩོན་ལེན་བྱས་ཏེ་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་ལས་དོན་ཁག་དམ་འཛིན་དང་རྒྱུན་གཏན་དུ་དམ་འཛིན་བྱེད་དགོས་པའི་ནན་བཤད་གནང་བ་དང་། ཡོམ་འགོག་གནོད་སེལ་དང་། ས་གཤིས་གནོད་འཚེ་འགོག་བཅོས། མེ་གསོད་མེ་འགོག་གི་བདེ་འཇགས་སོགས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་དམ་འཛིན་ཡག་པོ་བྱས་ཏེ་སྔོན་འགོག་གི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྐྱོབ་ནུས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        གྲོས་ཚོགས་ཐོག་ནན་བཤད་བྱས་དོན།རྨོ་ཞིང་སྲུང་སྐྱོང་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་རྨོ་ཞིང་"ཞིང་མིན་ཅན་"བཀག་འགོག་མཐའ་གཅིག་ཏུ་བྱེད་པ་དང་"འབྲུ་རིགས་མིན་པ་ཅན་"་སྔོན་འགོག་བྱས་ནས་རྨོ་ཞིང་གི་སྤྱོད་སྒོར་དོ་དམ་ཚོད་འཛིན་ནན་པོ་བྱས་ཏེ་རང་ཁུལ་གྱི་རྨོ་ཞིང་སྲུང་སྐྱོང་གི་མཐའ་ཚད་ལས་འགན་བརྟན་པོ་སྲུང་ནས་རྨོ་ཞིང་གི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

        གྲོས་ཚོགས་ཐོག་ཁུལ་ཨུ་སྐབས་དགུ་པའི་རེས་སྐོར་བརྒྱད་པའི་སྐོར་ཞིབ་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་དང་རེས་སྐོར་དྲུག་པའི་སྐོར་ཞིབ་དག་ཐེར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུ་གསན་པ་དང་། གནད་དོན་གྱི་ཚུར་ལན་ནན་ཏན་ངང་ཡག་པོ་སྒྲུབ་པ་དང་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་སྐོར་ཞིབ་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་ཡོངས་ཀྱི་སྐོར་ཞིབ་ལས་དོན་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།

        གྲོས་ཚོགས་ཐོག་《"གྲོང་ཚོ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག་"འདུ་འགོད་ཀྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

        གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ཞིབ་འཇུག་བྱས་པ་རེད།