བདེ་ཆེན་ཁུལ་གྱི་སྡེ་ཁག་མང་པོས་མཐོ་རྒྱུགས་ལ་འགན་སྲུང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        2024ལོར་མཐོ་རྒྱུགས་འཆར་ཉེར་ཡོད་པ་དང་ཉེ་ཆར་རང་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་ཁག་གིས་བྱ་སྤྱོད་ཧུར་ཐག་སྤེལ་ནས་མཐོ་རྒྱུགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ་ཁུལ་ཡོངས་ཀྱི་མཐོ་རྒྱུགས་རྒྱུགས་སྤྲོད་སློབ་མར་རྒྱུགས་སྤྲོད་ཀྱི་ཁོར་ཡུག་བཟང་པོ་ཞིག་གཏོད་ཡོད་པ་རེད།

        ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་མཐོ་རྒྱུགས་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཁུལ་ཡོངས་ཀྱི་ཡིག་རྒྱུགས་གྲ་སྒྲིག་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་། མཐུན་སྦྱོར། མཛུབ་སྟོན་བཅས་བྱེད་འགན་འཁུར་ཡོད། སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་རྒྱུགས་ཤོག་གི་བདེ་འཇགས་གསང་སྲུང་འགན་ལེན་བྱས་པ་དང་། རྒྱུགས་སྲོལ་དང་སྒྲིག་ཁྲིམས་ལེགས་པོ་ཡོང་བར་འགན་སྲུང་བྱས་པ་དང་། རྒྱུགས་སྤྲོད་ས་ཚིགས་ཁག་དང་དེ་བཞིན་གཅིག་སྡུད་ཟས་སྡོད་ས་ཚིགས་ལ་ཕྱོགས་བསྡུས་ཞིབ་བཤེར་བྱས་ནས་རྒྱུགས་སྤྲོད་བདེ་བླག་ཡོང་བའི་འགན་ལེན་བྱས་པ་རེད།

        ཁུལ་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ཏེ་རྒྱུགས་སྤྲོད་ས་ཚིགས་ཀྱི་སློབ་གྲྭའི་ཟ་ཁང་དང་རྒྱུགས་སྤྲོད་སློབ་མའི་ཟས་སྡོད་ས་ཚིགས་དང་དེ་བཞིན་སློབ་གྲྭའི་ཉེ་འཁོར་གྱི་བཟའ་བཅའ་གཉེར་སྐྱོང་ཚོང་ཁང་། བཟའ་བཏུང་ཞབས་ཞུའི་ཚན་པ་བཅས་གཙོ་གནད་བྱ་ཡུལ་དུ་བྱས་ནས་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཟ་ཁང་གི་ལྟོ་ཆས་མཁོ་འདོན་གྱི་བདེ་འཇགས་འགན་ལེན་བྱས་ནས་རྒྱུགས་སྤྲོད་སློབ་མར་འཚོ་བཅུད་དང་། བདེ་ཐང་། བདེ་འཇགས་བཅས་ཀྱི་བཟའ་བཏུང་ཞབས་ཞུ་འདོན་སྤྲོད་བྱས་པ་རེད།
        ཁུལ་སྤྱི་བདེ་ཅུས་ཀྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་རྒྱུགས་སྤྲོད་ས་ཚིགས་ཁག་གི་མཐའ་འཁོར་གྱི་མགྲོན་ཁང་དང་ཨར་ཁང་། དྲ་ཁང་། བོགས་གཏོང་ཁང་པ་སོགས་ལ་སྐོར་ཞིབ་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་སེལ་བ་དང་རྒྱུགས་སྤྲོད་ས་ཚིགས་མཐའ་འཁོར་གྱི་ཁོར་ཡུག་གཙང་བཟོ་བྱས་པ་རེད། གཅེས་སེམས་རླངས་འཁོར་རུ་ཁག་གི་ཁྲིད་སྟོན་ལས་དོན་ལ་དམ་འཛིན་ཏན་ཏིག་བྱས་ཏེ་སྔ་སྣུར་དུ་རྒྱུགས་སྤྲོད་སློབ་མར་ཐོབ་ཐང་ལག་ཁྱེར་དང་དེ་བཞིན་གནས་སྐབས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གཉེར་བའི་ཐོགས་མེད་བགྲོད་ལམ་བཏོད་དེ་རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་གཉེར་རྒྱུའི་རེ་ཞུ་སྔོན་ལ་བདག་སྤྲོད་བྱས་པ་རེད།
        ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་གཅེས་སེམས་མཚོན་པའི་རྒྱུགས་སྤྲོད་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད། མཐོ་རྒྱུགས་རིང་རླངས་འཁོར་28ལ་གཅེས་སེམས་མཚོན་པའི་མངོན་གསལ་དོད་པའི་མཚོན་རྟགས་སྦྱར་བའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ལ་རྒྱུགས་སྤྲོད་ཞབས་ཞུ་བྱས་ནས་རྒྱུགས་སྤྲོད་སློབ་མ་བདེ་འཇགས་དང་དུས་ཐོག་ཏུ་རྒྱུགས་རར་འབྱོར་ཐུབ་པའི་འགན་ལེན་བྱས་པ་རེད། དེ་དང་ཆབས་ཅིག་ཁུལ་འཛུགས་སྐྲུན་ཅུས་དང་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་རྒྱུགས་སྤྲོད་ས་ཚིགས་མཐའ་འཁོར་གྱི་ཁོར་ཡུག་ལ་ལྟ་སྐུལ་ཚོད་འཛིན་དང་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རྒྱུགས་མ་བླངས་གོང་དང་རྒྱུགས་སྤྲོད་རིང་རྒྱུགས་སྤྲོད་ས་ཚིགས་མཐའ་འཁོར་གྱི་ཨར་ལས་ཚན་པར་ལས་མཚམས་འཇོག་རྒྱུའི་འགན་ལེན་བྱས་ཏེ་འཛེར་སྒྲ་མེད་པ་བཟོས་ནས་ལྷིང་འཇགས་ཀྱི་རྒྱུགས་སྤྲོད་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན་རང་ཁུལ་གྱི་2024ལོའི་མཐོ་རྒྱུགས་ལ་ཁྱོན་རྒྱུགས་སྤྲོད་སློབ་མ་1978ཡོད་པ་དང་ཟླ་6པའི་ཚེས་7ནས་ཚེས་8ཉིན་བར་ཁུལ་ཡོངས་སུ་རྒྱུགས་ཁུལ་2དང་རྒྱུགས་སྤྲོད་ས་ཚིགས་3 རྒྱུགས་ར་71བཙུགས་པ་དེའི་ནང་ཁུལ་མི་རིགས་སློབ་འབྲིང་དུ་རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ར་29དང་སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱུགས་ར་24དང་འབའ་ལུང་རྫོང་སློབ་འབྲིང་དང་པོར་རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ར་8དང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱུགས་ར་6བཙུགས་ཡོད། ཟླ་6པའི་ཚེས་9ཉིན་གྱི་སྔ་དྲོ་རང་ཁུལ་དུ་ད་དུང་རྒྱུགས་སྤྲོད་སློབ་མ་286གིས་བོད་སྐད་ཡིག་རྒྱུགས་སྤྲོད་དགོས་པས་སེམས་ཀྱི་ཉི་ཟླ་སློབ་འབྲིང་དུ་རྒྱུགས་ར་10བཙུགས་ཡོད།