ས་དམར་གྲགས་པའི་སྙན་ངག་བགྲོ་གླེང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-12   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

ཟླ6པའི་ཚེས8ཉིན། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་དང་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་གསར་རྩོམ་འབྲེལ་གཏུག་པུའུ། ལན་ཀྲོའུ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་། བོད་རང་སྐྱོང་ལྗོངས་རིག་རྩལ་དཔྱད་བརྗོད་པའི་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་། བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོ་བོད་ཀྱི་དེང་རབས་རྩོམ་རིག་ཞིབ་འཇུག་ལྟེ་གནས་དང་ལན་ཀྲོའུ་སློབ་གྲྭ་ཆེན་མོ་རིག་རྩལ་དཔྱད་བརྗོད་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པའི“ས་དམར་གྲགས་པའི་སྙན་ངག་བགྲོ་གླེང་ཚོགས་འདུ”དེ་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ཆིན་ཧན་སློབ་ཁུལ་དུ་འཚོགས།
ས་དམར་གྲགས་པའི་དངོས་མིང་ལ་གྲགས་པ་རྒྱ་མཚོ་ཟེར། ཀྲུང་གོའི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། ལུའུ་ཞུན་རྩོམ་རིག་སློབ་གླིང་གི“ཕེ་ཀེན་ལས་གྲྭའི”ནང་བདམས་པའི་རབས་དང་པོའི་རྩོམ་པ་པོ། སྐབས་བཅུ་པའི“དགུན་ཟླ་ར་བའི་སྙན་ངག་འདུ་འཛོམས”དང་གཞོན་ནུའི་སྙན་ངག་ཚོགས་འདུ་སྐབས38པའི་ནང་བདམས་ཐོན་བྱུང་། ཕོར་བར་ཟགས་པའི་ཟླ་བ་ན་རེ》(རྒྱ་ཡིག)དང་།གཡོས་ཁང་གི་མདོ》(བོད་ཡིག)《སྐྱེ་བ་བོད》(དབྱི་ཐ་ལིའི་ཡི་གེFiori Piccoལགས་ཀྱིས་ལོ་ཙཱ་གནང་བ)སོགས་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་བརྒྱད་ཡོད།
ལན་ཀྲོའུ་སློབ་གྲྭ་ཆེན་མོ་དང་། ནུབ་བྱང་སློབ་གྲྭ་ཆེན་མོ། ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོ། ཧང་ཀྲོའུ་དགེ་འོས་སློབ་གྲྭ་ཆེན་མོ་སོགས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆེན་མོ་མང་པོའི་ཆེད་མཁས་པ་དང་སློབ་གཉེར་པ། དེ་བཞིན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་དང་གསོ་རིག་སློབ་གླིང་གི་དགེ་རྒན་དང་། ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་བཅས་ཁྱོན་མི50ལྷག་ཐེངས་འདིའི་བགྲོ་གླེང་ཚོགས་འདུར་ཞུགས། 
བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་རེན་ཞིའུ་ལིས་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་ཐོག་སྙན་ངག་པ་ས་དམར་གྲགས་པ་ལགས་ཀྱི་རྩོམ་པའི་གྲུབ་འབྲས་ལ་དཔྱད་ཞིབ་དང་ཕྱོགས་སྡོམ་གནང་སྐབས། བོད་ཀྱི་དེང་རབས་རྩོམ་རིག་ལ་ལྡན་པའི་བསམ་བློའི་ནང་སྙིང་སྔོག་འདོན་བྱས་ཏེ། དུས་རབས་གསར་པའི་རྒྱབ་ལྗོངས་འོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དར་སྤེལ་དང་བོད་ཀྱི་དེང་རབས་རྩོམ་རིག་འཕེལ་རྒྱས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་ཆེན་ལ་སྒུལ་ཤུགས་སྤྲོད་དགོས་ཞེས་གསུངས།
བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་ཚེ་རིང་ནོར་བུ་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་ནི་སྤུས་ཚད་མཐོ་བའི་སྙན་ངག་བརྩམས་ཆོས་ལ་བགྲོ་གླེང་གཏིང་ཟབ་གནང་བའི་ཚོགས་འདུ་གཟབ་རྒྱས་ཤིག་ཏུ་འགྱུར་རྒྱུའི་རེ་བ་ཡོད་ལ། ས་དམར་གྲགས་པའི་རྩོམ་པའི་གྲུབ་འབྲས་ལ་དཔྱད་བརྗོད་དང་ཕྱོགས་སྡོམ་གཏིང་ཟབ་ཀྱིས་བོད་ཀྱི་གཞོན་སྐྱེས་རྩོམ་པ་པོ་རྣམས་ལ་སྐུལ་མ་དང་བློ་བསྐྱེད་སྤྲད་ལ། དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་རྒྱུར་དོན་སྙིང་གཏིང་ཟབ་ལྡན་ཞེས་གསུངས།
བགྲོ་གླེང་ཚོགས་འདུ་ཚོགས་ར་སྔ་ཕྱི་གཉིས་སུ་དབྱེ་ཞིང་། རིམ་པ་བཞིན་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་ཡོན་ཀྲང་ཝང་ཅུན་ཅུན་ལགས་དང་ལན་ཀྲོའུ་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་ཡོན་ཀྲང་སྐུ་གཞོན་ཀུའོ་མའོ་ཆོན་ལགས་གཉིས་ཀྱིས་མདོ་འཛིན་གནང་། ཆེད་མཁས་པ་ལྷན་རྒྱས་ཀྱིས་ཐུན་མོང་ཐོག་ས་དམར་གྲགས་པ་ལགས་ཀྱི་སྙན་དེབབསིལ་ཟེར་གྱི་འཕོ་འཇུགདངཕོར་བར་ཟགས་པའི་ཟླ་བ་ན་རེགཉིས་ལ་བགྲོ་གླེང་གནང་། ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོའི་རྩོམ་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་དབྱང་ཀོང་ཙུའུ་དང་ལི་ཧྲེང་པིན། ལན་ཀྲོའུ་སློབ་གྲྭ་ཆེན་མོའི་ཀྲུའུ་ཁྲའོ་ཡ། ཧང་ཀྲོའུ་དགེ་འོས་སློབ་གྲྭ་ཆེན་མོའི་ཝང་ཆིང་ཧྥེ། ནུབ་བྱང་དགེ་འོས་སློབ་གྲྭ་ཆེན་མོའི་ཝང་ཕེང་ཁྲེང་སོགས་རྒྱལ་ཡོངས་ས་གནས་ཁག་ནས་ཕེབས་པའི་ཆེད་མཁས་པ་ལྷན་རྒྱས་དང་། དེ་བཞིན་སློབ་གྲྭ་དེ་གའི་རྩོམ་རིག་སློབ་གླིང་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ། ཞིབ་འཇུག་སློབ་མ། དངོས་གཞིའི་སློབ་མ་བཅས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་རང་རང་གི་ལྟ་ཚུལ་ལྷུག་བརྗོད་གནང་། ཚོགས་ཞུགས་པ་རྣམ་པས་སྙན་དེབ་དེ་གཉིས་དཀྱུས་སུ་བཟུང་སྟེ་སྙན་ངག་གི་གཤིས་ཀ་དང་། སྐད་ཆའི་ཁྱད་ཆོས། རིག་གནས་ཀྱི་མཚོན་དོན། ཡིད་བརྙན་གྱི་གདམ་གསེས། བརྩེ་དུང་གི་འགྱུར་ཁུགས་ཕྱོགས་སོ་སོ་ནས་བརྩམས་ཆོས་ཀྱི་བསམ་བློའི་ནང་དོན་དང་སྒྱུ་རྩལ་གྱི་ཁྱད་ཆོས་ལ་འགྲེལ་བཤད་ཀྱིས་བགྲོ་གླེང་འཁྲུག་ཆ་དོད་པོ་གནང་། ཚོགས་ཞུགས་པ་རྣམ་པས་ས་དམར་གྲགས་པའི་སྙན་ངག་ལ་མངོན་གསལ་དོད་པའི་མི་སྒེར་གྱི་ཁྱད་ཆོས་དང་མི་རིགས་ས་ཁོངས་ཀྱི་རིག་གནས་ནང་དོན་ཟབ་མོ་ལྡན་པ་མ་ཟད། སྙན་ངག་གི་སྐད་ཆ་དང་། བརྗོད་བྱ། རྩོམ་ཐབས། རིག་གནས་རིན་ཐང་སོགས་ཀྱི་ཁྱད་ཆོས་ལའང་ཚད་མཐོའི་གདེང་འཇོག་གནང་།
ས་དམར་གྲགས་པ་ལགས་ཀྱིས་བཀའ་དྲིན་ཞུ་མཆིད་སྙན་འབུལ་ཞུས།  ཁོང་གིས་རབ་ཏུ་གཡོ་བའི་སེམས་པ་དང་བླ་ན་མཐོ་བའི་བཀའ་དྲིན་མཚོན་ཆེད་དུ་ཁྲང་ཧྲར་བརྩམས་པའི་སྙན་ངག་གཅིག་གྱེར་འདོན་ཞུས་ཏེ་ཚོགས་འདུར་རྫོགས་ཚིག་བཀོད་ལ། སྔར་བས་བརྩོན་པ་ཆེར་བསྐྱེད་ཀྱིས་བརྩམས་ཆོས་གང་ལེགས་སྤེལ་རྒྱུ་ཡིན་ཞེས་ཞུས། །