རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-26   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།
1.དཔེ་ཆ་ཀློག་འདོན་བྱས་ནས་ཉན་དུ་འཇུག་པ།
ཉིན་རེར་འོས་འཚམ་གྱི་དུས་ཚོད་བཀོད་སྒྲིག་བྱས་ནས་ཕ་མས་དཔེ་ཆ་ཀློག་འདོན་བྱས་ཏེ་བྱིས་པར་ཉན་དུ་འཇུག་དགོས།
2.ཁྱིམ་དུ་བྱིས་པའི་ལྟ་ཀློག་ཁུལ་འཛུགས་པ།
བྱིས་པར་དབང་བའི་ཁྱིམ་ཚང་ལྟ་ཀློག་ཁུལ་ཡོད་ཚེ། བག་ཕེབས་དང་སྤྲོ་སྣང་ལྡན་པའི་ངང་རང་ཉིད་ལ་དབང་བའི་ས་ཁོངས་ཆུང་ཆུང་ནང་རང་ཉིད་ཀྱིས་ཀློག་འདོད་པའི་དཔེ་དེབ་གང་རུང་ཞིག་ཀློག་ཏུ་འཇུག་པ།
3.ཤོག་བྱང་འཕྲིན་ཆུང་འབྲི་བ།
རྒྱུན་པར་ཤོག་བྱང་འཕྲིན་ཆུང་བྲིས་ནས་དཔེ་ཀློག་ལ་གྲོས་གཞི་འདོན་པ་དང་སྤྲོ་སྣང་ལྡན་པའི་དཔེ་དེབ། དོན་སྙིང་ལྡན་པའི་དགོད་གཏམ། སྡེབ་སྦྱོར་ལེགས་པའི་སྙན་ངག་སོགས་ངོ་སྤྲོད་བྱེད་པ་དང་། ཤོག་བྱང་འཕྲིན་ཆུང་ཁོ་ཚོའི་སྨྱུག་སྒམ་དང་དཔེ་ཁུག ཟས་ཕོར། སྔས་མགོ་སོགས་ཀྱི་སྟེང་ལ་སྦྱར་ཆོག གནས་གང་ནས་ཀྱང་བྱིས་པར་འདི་ལྟ་བུའི་དཔེ་ཀློག་གི་ཁོར་ཡུག་བསྐྲུན་ཐུབ།
4.མཉམ་དུ་གྲོས་བསྡུར་བྱེད་པ།
བྱིས་པ་དང་མཉམ་དུ་དཔེ་ཀློག་དཀའ་གནད་དང་། དཔེ་ཀློག་གི་གོམས་གཤིས་ཇི་ལྟར་ཆགས་སུ་འཇུག་པ། མིང་ཚིག་གི་རེའུ་མིག་ཇི་ལྟར་འབྲི་བ། གནད་དོན་གཅིག་ལ་ཟུར་མང་པོ་ནས་གྲོས་བསྡུར་བྱས་ཆོག
5. ཁྱིམ་ནས་སྒོར་བུད་དེ་དཔེ་ཀློག་བྱེད་པ།
རྒྱུན་པར་བྱིས་པ་ཁྲིད་དེ་དཔེ་མཛོད་ཁང་དུ་འགྲོ་བ་དང་། དཔེ་མཛོད་ཁང་དུ་དཔེ་དེབ་གཡོར་བ་དང་དཔེ་དེབ་ཉོ་བ། དེ་གར་ཡོད་པའི་གྲོགས་པོ་ཚོ་དང་མཉམ་དུ་དཔེ་ཀློག་བྱེད་པ།
6.དགའ་ཕྱོགས་ཨང་དང་པོར་བརྩི་བ།
བྱིས་པའི་དགའ་ཕྱོགས་དང་འབྲེལ་བའི་དཔེ་དེབ་ཆ་ཚང་ཉོ་བ་དང་། དགའ་ཕྱོགས་ལ་ཁྲིད་སྟོན་ལེགས་པོ་བྱེད་དགོས།
7.མཉམ་དུ་དཔེ་ཀློག་བྱེད་པ།
ཕ་མ་རང་གིས་ཀྱང་དཔེ་ཆར་བལྟ་དགོས། ཕ་མ་ལ་ལ་རང་ཉིད་དཔེ་ཀློག་ལ་མི་དགའ་ཡང་། བྱིས་པ་དཔེ་ཀློག་ལ་དགའ་དགོས་པའི་རེ་བ་འདོན། དོན་དངོས་སུ། ཕ་མའི་བྱ་སྤྱོད་ཀྱིས་བྱིས་པར་ཤེས་མེད་ཚོར་མེད་ངང་ཤུགས་རྐྱེན་ཐེབས་བཞིན་ཡོད་ལ། ཆེས་ལེགས་པའི་གདམ་ག་ནི་ཕ་མས་ཉིན་ལྟར་དུས་ཚོད་བཙལ་ནས་ཁ་པར་དང་གློག་ཀླད་ཀྱི་སྒོ་བརྒྱབ་སྟེ་བྱིས་པ་དང་མཉམ་དུ་དཔེ་ཀློག་བྱེད་པ་དང་། ཕ་བུ་གཉིས་ཀྱིས་མཉམ་ཀློག་བྱེད་པའམ་ཡང་ན། ཕ་མས་རང་ཉིད་དགའ་བའི་དཔེ་ཆ་བཀླག་ཀྱང་ཆོག
8.གདམ་གསེས་རང་བཞིན་གྱི་དཔེ་ཀློག
དཔེ་ཆའི་ཁྲོད་ཀྱི་ཚན་པ་ཁག་ཅིག་བདམས་ནས་བྱིས་པར་ཀློག་པ། གཙོ་གནད་ཀྱི་ཚན་པ་དང་བརྩེ་དུང་ཞིབ་འབྲི་བྱས་པ་ཕུན་སུམ་ཚོགས་པའི་ཚན་པ། ཡང་ན་ཉན་པར་དགའ་བའི་ཚན་པ་ཁག་གཅིག་བདམས་ནས་ཁྱིམ་བདག་གིས་བྱིས་པར་ཀློག་པ་དང་། ཅི་ནུས་སྒོས་བྱིས་པ་དཔེ་ཀློག་ལ་སུན་སྣང་སྐྱེ་ཚད་ཆུང་དུ་གཏོང་བ་དང་། དཔེ་ཀློག་གི་ཟབ་ཞུགས་ཚད་ཇེ་མཐོར་བཏང་ན། དུས་ཚོད་རིང་པོ་འགོར་རྗེས་རིམ་བཞིན་བྱིས་པ་དཔེ་ཀློག་ལ་སྤྲོ་བ་འཕེལ་ངེས།
9.དཔེ་ཀློག་དང་འཚོ་བ་གཉིས་ཟུང་འབྲེལ་བྱེད་པ།
གལ་ཏེ་ཁྱེད་དང་བྱིས་པ་གཉིས་ཀྱིས་སྤྱི་གླིང་དང་འབྲེལ་བའི་དཔེ་ཆ་ཞིག་ལ་བལྟ་བཞིན་ཡོད་ཚེ། ཁྱེད་ཀྱིས་བྱིས་པ་ཁྲིད་དེ་སྤྱི་གླིང་ལ་སོང་ནས་ཡུལ་དངོས་ནས་རྟོག་ཞིབ་ཐེངས་གཅིག་བྱས་ཏེ། དེའི་སྐོར་གྱི་འབྲེལ་ཡོད་ཤེས་བྱ་ཐམས་ཅད་བྱིས་པར་ཡུལ་དངོས་ནས་བཤད་ན་བྱིས་པའི་ཡིད་ལ་འཛིན་བདེ་བར་མ་ཟད། ཕ་བུ་གཉིས་ཀྱི་སྤྲོ་གསེང་ཆུང་ཆུང་ཞིག་ཀྱང་ཡིན།
10.བྱིས་པར་དཔེ་གཡར་དཔང་ཡིག་ལེན་པ།
སློབ་གྲྭའི་དཔེ་མཛོད་ཁང་དང་སྡེ་ཁུལ་དཔེ་མཛོད་ཁང་། དེ་ལས་གཞན་པའི་དཔེ་མཛོད་ཁང་གང་རུང་ཞིག་གི་དཔེ་གཡར་དཔང་ཡིག་ཡོད་ཚེ། ཁྱིམ་བདག་གིས་འགུལ་སྐྱོད་ཀྱི་སྟེང་ནས་བྱིས་པའི་དཔེ་ཀློག་ལ་སྐུལ་མ་དང་མཐོང་ཆེན་བྱེད་བཞིན་པ་རྟོགས་ཐུབ།
11.ཚན་རིག་ཤེས་བྱའི་སྐོར་གྱི་དཔེ་ཀློག་བྱེད་པ།
བྱིས་པ་མང་པོ་ཞིག་གཏམ་རྒྱུད་ལ་ཉན་རྒྱུར་དགའ་པོ་ཡོད་ལ། དྲང་ཕྱོགས་དང་ཡིད་དུ་འོང་བའི་ལམ་ནས་གཏམ་རྒྱུད་ཀྱི་མཇུག་བསྡུས་ན་སེམས་འགུལ་ཐེབས་པ་དང་། མཚར་སྣང་ཅན་གྱི་གཏམ་རྒྱུད་ལ་སྤྲོ་སྣང་ཆེན་པོ་སྐྱེ་བཞིན་ཡོད། འོན་ཀྱང་།ཚན་རིག་ཤེས་བྱའི་སྐོར་ལ་ཡང་མཐོང་ཆེན་བྱེད་དགོས་ལ། ཐོག་མར་རང་གི་ལུས་ཕུང་གི་གྲུབ་ཚུལ་ལ་ངོས་འཛིན་བྱེད་པ་ནས་མགོ་བརྩམས་ཏེ་འཇིག་རྟེན་ཁམས་ཀྱི་བྱ་དངོས་ཡོད་ཚད་ལ་བག་ཆགས་ཟབ་མོ་འཇོག་དགོས།
12.བྱིས་པར་བཙན་གྱིས་དཔེ་ཀློག་བྱེད་དུ་འཇུག་མི་རུང་།
དཔེ་ཀློག་ནི་ལྷོད་གཡེང་དང་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ཡིན་པས། བརྗོད་དོན་སྣ་མང་གི་དཔེ་ཐོ་ཞིག་ཁྱེར་ཡོང་ནས་བྱིས་པར་བཙན་གྱིས་ཀློག་ཏུ་འཇུག་མི་རུང་ལ། དཔེ་ཐོ་དེ་དག་ཡང་རྩོམ་པ་པོ་དང་མི་སྒེར་སོ་སོས་དཔེ་ཀློག་གི་མྱོང་ཚོར་དང་བསམ་འཆར་ཙམ་ཡིན་པས། བྱིས་པར་འཚམ་པའི་ངེས་པ་གཏན་ནས་མེད། གལ་ཏེ་ཁྱེད་ཀྱི་བྱིས་པ་ད་དུང་དཔེ་ཀློག་ལ་དགའ་པོ་མེད་རུང་། བཙན་གྱིས་ཐབས་ལམ་དྲག་པོ་མི་སྤྱོད་པར། ཐབས་བརྒྱ་ཇུས་སྟོང་གིས་བྱིས་པའི་དགའ་ཕྱོགས་ལ་ཁྲིད་སྟོན་ལེགས་པོ་བྱེད་དགོས། གལ་ཏེ་ཁྱེད་ལ་དུས་ཚོད་འདང་ངེས་ཡོད་ན། བྱིས་པ་དང་མཉམ་དུ་དཔེ་ཆ་འགའ་ཤས་བཀླགས་ཚེ་གནས་ཚུལ་ལ་འགྱུར་བ་འབྱུང་ཡང་སྲིད།
13.བྱིས་པ་ཁྲིད་ནས་དཔེ་ཀློག་དང་འབྲེལ་བའི་ཚོགས་པའི་བྱ་འགུལ་ནང་ཞུགས་པ།
དེང་སྐབས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོའི་རི་མོ་ཁང་དང་དཔེ་མཛོད་ཁང་། སྡེ་ཁུལ་དཔེ་ཁང་སོགས་སུ་དུས་ཚོད་གཏན་འཁེལ་བྱས་ཏེ་དཔེ་ཀློག་དང་འབྲེལ་ཡོད་ཀྱི་བྱ་འགུལ་སྣ་ཚོགས་སྤེལ་བཞིན་ཡོད། དཔེར་ན། དཔེ་ཀློག་ཚོགས་པ། གཏམ་རྒྱུད་འགྲན་སྡུར། སྙན་ངག་གྱེར་འདོན་སོགས་བྱ་འགུལ་མང་པོ་ཡོད་པས་བྱིས་པ་ཁྲིད་ནས་ཟབ་ཞུགས་བྱེད་རྒྱུ་ཤིན་ཏུ་གལ་ཆེ།
14.སྐྱེས་སྐར་ལེགས་སྐྱེས་སུ་དཔེ་ཆ་སྟེར་བ།
བྱིས་པ་ཚོས་འབྲེལ་འདྲིས་བྱེད་པའི་གོ་རིམ་ཁྲོད་དུ། གྲོགས་པོའི་སྐྱེས་སྐར་ལ་དཔེ་ཆའི་ལེགས་སྐྱེས་སྟེར་བ། བྱིས་པའི་སྐྱེས་སྐར་གྱི་སྐབས་སུ་ལེགས་སྐྱེས་སྣ་ཚོགས་ཡོད་ཀྱང་། དཔེ་ཆ་ནི་ཆེས་ལེགས་པའི་གདམ་ག་ཡིན། དེས་ཤེས་མེད་ཚོར་མེད་ངང་དཔེ་ཀློག་གི་གལ་ཆེན་རང་བཞིན་ཁོ་ཚོར་རྟོགས་སུ་འཇུག་ཐུབ།
15.དཔེ་ཀློག་གི་མྱོང་བ་གཞན་ལ་མཉམ་སྤྱོད་བྱེད་པ།
བྱིས་པས་ཁ་པར་དང་བརྙན་གཟུགས་སོགས་ཀྱི་ལམ་ནས་གྲོགས་པོ་ཕན་ཚུན་བར་ལ་དཔེ་ཆར་བལྟས་པའི་མྱོང་བ་མཉམ་སྤྱོད་བྱས་ཆོག་ལ། མཉམ་སྤྱོད་བྱ་ཡུལ་རང་གི་ཕ་མ་དང་ཁྱིམ་མི་ཡིན་ཡང་ཆོག
16.དཔེ་ཀློག་གི་རང་འགུལ་དབང་ཆ་བྱིས་པར་སྤྲོད་པ།
་པས་དཔེ་ཆ་གང་ལ་བལྟ་བ། གནས་གང་ནས་བལྟ་བ། དཔེ་ཀློག་གི་གྲོགས་པོ་སུ་ཞིག་འདེམ་པ་སོགས་ཀྱི་དབང་ཆ་ཡོད་ཚད་བྱིས་པར་སྤྲད་ནས་ཁོ་ཚོ་རང་ལ་གདམ་ག་བྱེད་དུ་འཇུག་པ། ཡིན་ཡང་། བྱིས་པས་རང་དབང་གིས་གདམ་ག་བྱས་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་ནི་ཁྱིམ་ན་དཔེ་ཆ་མང་བ་དང་དཔེ་ཆ་སྤུས་ལེགས་མང་བ། བྱིས་པ་བལྟ་བར་དགའ་བའི་དཔེ་ཆ་མང་བ། བྱིས་པ་དང་འོས་འཚམ་ཡིན་པའི་དཔེ་ཆ་ཡོད་པ་སོགས་ཀྱི་ཆ་རྐྱེན་ཚང་དགོས།
17.དཔེ་ཀློག་གི་ཁྲོད་ནས་འཁྲབ་སྟོན་བྱེད་ཤེས་པ།
ཕ་བུ་གཉིས་ཀྱིས་དཔེ་ཀློག་བྱེད་པའི་གོ་རིམ་ཁྲོད། གཏམ་རྒྱུད་ཀྱི་བྱུང་རིམ་གྱི་འཕེལ་འགྲིབ་དང་བསྟུན་ནས་སེམས་ཁམས་ཀྱི་འགྱུར་བ་ལུས་ཀྱི་ཕྱག་རྒྱ་ཡིས་མཚོན་པ། དཔེ་ཀློག་གི་བརྒྱུད་རིམ་གསོན་ཉམས་ལྡན་པར་བྱས་ན་བྱིས་པའི་དཔེ་ཀློག་གི་སྤྲོ་བ་སྔར་ལས་འཕེལ་ཐུབ།
18.སེམས་རྣལ་མོས་བྱིས་པ་དཔེ་ཀློག་ལ་མི་དགའ་བའི་རྒྱུ་རྐྱེན་ལ་གསལ་པོར་ཉན་པ།
བྱིས་པས་དཔེ་ཀློག་ལ་མི་དགའ་ཞེས་བརྗོད་ན། བྱིས་པའི་རྒྱུ་མཚན་ཆ་ཚང་ལ་ཉན་པ་དང་། བྱིས་པར་རང་གི་བསམ་ཚུལ་བརྗོད་པའི་གོ་སྐབས་སྟེར་བ་ནི་འབྲེལ་འདྲིས་ཀྱི་མདུན་བསྐྱོད་ཆེན་པོ་ཞིག་རེད། གོ་སྐབས་འདི་ལྟ་བུ་བྱིས་པར་ཤིན་ཏུ་མཁོ། ཞིབ་ཏུ་ཉན་ན་བྱིས་པ་དཔེ་ཀློག་ལ་མི་དགའ་བའི་བྱེ་བྲག་གི་རྒྱུ་མཚན་གསལ་པོར་ཤེས་ངེས་པས། ང་ཚོར་ད་གཟོད་ནད་བསྟུན་སྨན་བཅོས་བྱེད་པའི་གོ་སྐབས་ཡོད། །