རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་པེ་ཅིང་དུ་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-27   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཁང་གཉིས་ཀྱི་ཡོན་ཧྲིའི་ཚོགས་ཆེན་བཅས་པེ་ཅིང་དུ་འཚོགས་པ།

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ།

ཟླ་6ཚེས་24ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བཞིན་པ།

འདི་ནི་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་ཝུའུ་ཧན་སློབ་ཆེན་གྱི་ཡོན་ཧྲི་ལི་ཏེ་རེན(གཡས)དང་ཆིང་ཧྭ་སློབ་ཆེན་གྱི་ཡོན་ཧྲི་ཤུའེ་ཆི་ཁུན(གཡོན)ལ་བྱ་དགའ་གནང་བཞིན་པ།

ཟླ་6ཚེས་24ཉིན། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་ཤིང་། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་ཆེན་ལ་ཞུགས་པ།

        ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཏིང་ཤུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཕེབས་པ།

        ཚན་རྩལ་དར་ན་མི་རིགས་དར། ཚན་རྩལ་རྒྱས་ན་རྒྱལ་སྟོབས་འཕེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས་པ། ངེས་པར་དུ་ཚན་རྩལ་གྱི་འཐབ་ཇུས་ཀྱི་སྣེ་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱས་ནས་2035ལོར་ཚན་རྩལ་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མགྱོགས་མྱུར་མངོན་འགྱུར་ཡོང་བར་བྱེད་དགོས།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཡོངས་ཀྱི་ཚན་རྩལ་ཚོགས་ཆེན་དང་། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་སྤྲོད་པའི་ཚོགས་ཆེན། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་ཉེར་གཅིག་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲིའི་ཚོགས་ཆེན་ཐེངས་བཅུ་བདུན་པ་བཅས་མི་དམངས་ཚོགས་ཁང་ཆེ་མོར་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་གྱི་བྱ་དགའ་མཐོ་ཤོས་ཐོབ་མཁན་སོགས་ལ་བྱ་དགའ་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཁོང་གིས་ཚན་རྩལ་དར་ན་མི་རིགས་དར། ཚན་རྩལ་རྒྱས་ན་རྒྱལ་སྟོབས་འཕེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཚན་རྩལ་དེང་རབས་ཅན་ལ་བརྟེན་ནས་འདེགས་སྐྱོར་བྱེད་དགོས་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས་པ། ངེས་པར་དུ་ཚན་རྩལ་འཐབ་ཇུས་ཀྱི་སྣེ་ཁྲིད་གནས་བབ་དང་རྩ་བའི་འདེགས་སྐྱོར་ནུས་པར་ངོས་འཛིན་གང་ལེགས་བྱས་ནས་2035ལོར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་དང་། རྩེ་རིམ་ཇུས་འགོད་དང་སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་སྟེ་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་མགྱོགས་མྱུར་ཡོང་བ་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

        ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་ཏིང་ཤུའེ་ཞང་གིས་བྱ་དགའི་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་ཚོགས་འདུར་ཕེབས་པ་རེད། 

        སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་དང་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆ་ཚོགས་པས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་ཞིང་། ཚོགས་ར་ཡོངས་ཀྱི་ཚོགས་ཞུགས་མི་སྣ་ཡར་བཞེངས་ནས་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།

        ཏིང་ཤུའེ་ཞང་གིས《2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་སྤྲོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》(གཏན་འབེབས་ཀྱི་ནང་དོན་ཆ་ཚང་ཟུར་དུ་འགོད་རྒྱུ)སྒྲོག་སྦྱངས་གནང་བ་རེད། མཛད་སྒོའི་དུང་བརྡ་བསྒྲགས་པ་དང་ཞི་ཅིན་ཕིང་གིས་དང་ཐོག2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་ཝུའུ་ཧན་སློབ་ཆེན་གྱི་ལི་ཏེ་རེན་ཡོན་ཧྲི་དང་ཆིང་ཧྭ་སློབ་ཆེན་གྱི་ཤུའེ་ཆི་ཁུན་ཡོན་ཧྲི་ལ་གཟེངས་རྟགས་དང་ལག་ཁྱེར་གནང་སྟེ་སྤྲོ་སེམས་འཁོལ་པོས་ཁོང་ཚོ་དང་ཕྱག་བཏང་གནང་ནས་རྟེན་འབྲེལ་ཞུས་པ་རེད། དེ་རྗེས་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་བྱ་དགའ་མཐོ་ཤོས་ཐོབ་མཁན་གཉིས་དང་ལྷན་དུ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་དང་། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་བཅས་ཐོབ་པའི་འཐུས་མི་ཚོར་ལག་ཁྱེར་གནང་བ་རེད།

        སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཀྲུང་དབྱང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གསར་གཏོད་རྣམ་པའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བའི་འཐབ་ཇུས་ལས་འགན་བཏོན་པ། ཚན་རྩལ་སྒྲིག་སྲོལ་གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ཚན་རྩལ་རང་ཚུགས་རང་དར་ལ་སྐུལ་འདེད་ནུས་ལྡན་བཏང་བ། རང་རྒྱལ་གྱི་རྨང་གཞིའི་ཞིབ་འཇུག་གསར་ཤོས་ལ་ཚད་བརྒལ་གསར་པ་བྱུང་བ། འཐབ་ཇུས་ཀྱི་ལག་རྩལ་མཐོ་བའི་ཁྱབ་ཁོངས་སུ་མཆོང་སྐྱོད་གསར་པ་བསུས་པ། གསར་གཏོད་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པར་གྲུབ་འབྲས་གསར་པ་ཐོབ་པ། ཚན་རྩལ་སྒྲིག་སྲོལ་གྱི་སྒྱུར་བཅོས་ལ་རྣམ་པ་གསར་པ་བཏོད་པ། རྒྱལ་སྤྱིའི་སྒོ་དབྱེ་མཉམ་ལས་ལ་འཕེལ་རྒྱས་གསར་པ་བྱུང་བ། ཚན་རྩལ་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད་ཅེས་གསུངས་པ་རེད།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ང་ཚོས་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་གཏིང་ཟབ་ཏུ་ཟམ་མི་ཆད་པར་བཏང་ནས་ཉམས་མྱོང་གལ་ཆེན་མང་པོ་བསགས་ཡོད་པ་སྟེ། གཙོ་བོ་ནི་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་རང་རྟེན་གསར་གཏོད་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས། “ཁ་ཕྱོགས་པ་བཞིའི”འཐབ་ཇུས་ཀྱི་ཁྲིད་སྟོན་མཐའ་འཁྱོངས། སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བར་བརྟེན་ནས་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སྤེལ་བྱ་རྒྱུ་མཐའ་འཁྱོངས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་འཁོར་རྒྱུག་བཟང་པོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། གསར་གཏོད་རིག་གནས་སྐྱེད་སྲིང་བྱ་རྒྱུ་མཐའ་འཁྱོངས། ཚན་རྩལ་སྒོ་དབྱེ་མཉམ་ལས་ཀྱིས་མིའི་རིགས་ལ་ཕན་བདེ་བསྐྲུན་རྒྱུ་མཐའ་འཁྱོངས་བཅས་བྱས་པ་དང་ཉམས་མྱོང་དེ་དག་ངེས་པར་དུ་རྒྱུན་འཁྱོངས་ཡུན་རིང་བྱེད་དགོས་པ་མ་ཟད། ལག་ལེན་གྱི་ཁྲོད་དུ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་ཀྱང་གཏོང་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། འཛམ་གླིང་ལ་ལོ་བརྒྱའི་ནང་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པ་དང་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས་གོ་ལ་ཧྲིལ་པོའི་སྒྲིག་ལམ་དང་འཕེལ་རྒྱས་ཀྱི་བཀོད་པ་ཟབ་མོ་བསྐྱར་སྐྲུན་བྱུང་ཡོད། རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཐད་ད་དུང་ཆད་སྐྱོན་དང་ཞན་ཆ་འགའ་ཡོད་པས་ངེས་པར་དུ་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་གཏོང་བ་དང་ཚན་རྩལ་གསར་གཏོད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཚན་རྩལ་འགྲན་རྩོད་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་མཐོ་ས་བཟུང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཡོངས་མཉམ་རུབ་སྒྲིག་གཞི་གསར་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཏང་ཀྲུང་དབྱང་གིས་ཚན་རྩལ་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མཐུན་སྦྱོར་ནུས་ཆེའི་ཐབས་ཇུས་བཀོད་འདོམས་མ་ལག་དང་སྒྲིག་འཛུགས་ལག་བསྟར་མ་ལག་འཛུགས་དགོས། ཚན་རྩལ་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་དང་སྲིད་གཞུང་གི་ནུས་པ་འདོན་སྤེལ་སྔར་ལས་ལེགས་པ་བྱས་ཏེ་ཐོན་སློབ་ཞིབ་གསུམ་གྱི་ལྷུ་ཚིགས་ཁག་གི་ཧུར་བརྩོན་རང་བཞིན་སྐུལ་སློང་བྱས་ནས་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ལས་ཀའི་བཀོད་པ་ཆགས་པར་བྱེད་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་ཞིབ་འཇུག་རྩ་འཛུགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། རང་མོས་འཚོལ་ཞིབ་ལ་ལྕག་སྐུལ་བཅས་བྱས་ནས་ཚན་རྩལ་གསར་གཏོད་ཀྱི་རྨང་གཞི་དང་གཞི་རྟེན་བརྟན་པོ་འཛུགས་དགོས།

ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པའི་གཙོ་གནད་ཁྱབ་ཁོངས་དང་ཞན་ཆའི་ལྷུ་ཚིགས་ལ་དམིགས་ནས། སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱེད་མང་དུ་གཏོང་བ་དང་། གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་སྟེ་ལག་རྩལ་གསར་པ་ཧུར་ཐག་སྤྱད་ནས་སྲོལ་རྒྱུན་ཐོན་ལས་ལ་སྒྱུར་བཀོད་རིམ་སྤོར་བྱེད་དགོས། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་མཐོ་རུ་བཏང་ནས་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་བེད་སྤྱོད་ལ་སྐུལ་འདེད་བཏང་སྟེ་ཚན་རྩལ་དངུལ་རྩའི་ལས་དོན་ཡག་པོ་སྒྲུབ་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཚན་རྩལ་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་ཕྱོགས་ཡོངས་ནས་གཏོང་བ་དང་གསར་གཏོད་ལས་སྟེགས་སྣ་ཚོགས་སྐྲུན་པར་སྤྱི་འདོམས་བྱས་ནས་གསར་གཏོད་ཐོན་ཁུངས་བཀོད་སྒྲིག་ལེགས་སྒྱུར་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། ས་ཁོངས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་རྩལ་འཆར་གཞིར་དོ་དམ་བྱེད་ལེགས་སུ་གཏོང་བ། ཚན་རྩལ་གསར་གཏོད་ཀྱི་མ་འཇོག་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཚན་ཞིབ་བྱེད་སྒོའི་ཆོས་ཉིད་དང་རིགས་དབྱེའི་གདེང་འཇོག་མ་ལག་དང་དཔྱད་ཞིབ་ལམ་སྲོལ་འཐུས་སྒོ་ཚང་དུ་མགྱོགས་མྱུར་གཏོང་བ་དང་སྐུལ་ལྕག་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། སློབ་གསོ་དང་ཚན་རྩལ་ཤེས་ལྡན་པའི་སྒྲིག་སྲོལ་ལམ་སྲོལ་གཞི་གཅིག་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་སློབ་མི་སྣ་མཉམ་སྐྱོང་གི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་གཞི་ཁྱོན་ཆེ་བ་དང་། གྲུབ་ཆ་ལུགས་མཐུན། བྱང་ཚད་མཐོ་བ་བཅས་ཀྱི་གསར་གཏོད་རྣམ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་གསོ་སྐྱོང་དང་སྐྱེད་སྲིང་མགྱོགས་མྱུར་བྱེད་དགོས། མཐོ་རིམ་སློབ་གྲྭའི་རིག་ཚན་བཀོད་སྒྲིག་ལེགས་སུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་ཤེས་ལྡན་པའི་རང་རྟེན་གསོ་སྐྱོང་གི་ཆུ་ཚད་དང་སྤུས་ཚད་མཐོ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་འཐབ་ཇུས་ཤེས་ལྡན་པའི་སྟོབས་ཤུགས་འཛུགས་མགྱོགས་སུ་བཏང་ནས་ཕུལ་བྱུང་བཟོ་བཀོད་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་བོ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་བཅས་གསོ་སྐྱོང་ཧུར་ཐག་བྱེད་དགོས། གཞོན་ནུ་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ་རྒྱ་ཆེའི་ཚན་ཞིབ་པར་ཕུགས་བསམ་བརྟན་པོ་དང་། རྒྱལ་གཅེས་ལེགས་སྐྱེས། བློ་རྩ་བརྟན་པོས་གསར་གཏོད་བཅས་བྱེད་པར་སྐུལ་མ་གཏོང་དགོས།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་སྒོ་དབྱེ་མཉམ་ལས་ཁྲོད་རང་ཚུགས་རང་དར་མངོན་འགྱུར་ཡོང་བ་བྱེད་དགོས། རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་གྲོས་འགོ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྲིད་གཞུང་དང་དམངས་ཁྲོད་ཀྱི་སྤེལ་རེས་མཉམ་ལས་ཀྱི་ཐབས་ལམ་སྔར་བས་རྒྱ་ཆེར་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་ཚན་ཞིབ་པས་མཉམ་དུ་འགག་སྒྲོལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱ་དང་མཉམ་འདྲེས་ཧུར་ཐག་བྱེད་པ་དང་། གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་པ་བཅས་བྱས་ཏེ། ཚན་རྩལ་ལ་བརྟེན་ནས་མིའི་རིགས་ལ་ཕན་བདེ་སྔར་བས་མང་བ་སྐྲུན་དགོས།

        ཞི་ཅིན་ཕིང་གིས་གསུངས་དོན། ཁང་གཉིས་ཀྱི་ཡོན་ཧྲི་ཚོས་ཚན་རྩལ་གྱི་གཡུལ་ས་མདུན་མའི་གསར་གཏོད་པ་དང་། ལས་འགན་ལྕི་པོ་འཁུར་མཁན། ན་གཞོན་ཤེས་ལྡན་པ་འཚར་ལོངས་ཀྱི་སྣེ་ཁྲིད་པ། ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ཀྱི་དཔེ་སྟོན་པ་བཅས་ཡག་པོ་བྱས་ནས་རང་རྒྱལ་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོས་རང་རྟོགས་ངང་རིག་གཞུང་དོན་གཉེར་དེ་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་བྱ་གཞག་རླབས་པོ་ཆེའི་ནང་མཉམ་འདྲེས་བྱས་ནས་དུས་རབས་ལ་ངོ་མི་གནོང་བ་དང་མི་དམངས་ལ་ངོ་མི་གནོང་བའི་བྱས་རྗེས་གསར་པ་འཇོག་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཚན་རྩལ་ལས་དོན་གྱི་སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཞབས་ཞུར་འགན་སྲུང་ཡག་པོ་བྱེད་དགོས།

        ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་ལ་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པའི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ལ་ཕྱོགས་སྡོམ་གཏིང་ཟབ་གནང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འཕེལ་རིམ་རླབས་པོ་ཆེའི་ཁྲོད་ཀྱི་ཚན་རྩལ་གསར་གཏོད་ཀྱི་ནུས་པ་གལ་ཆེན་ལ་རྒྱས་བཤད་ཞིབ་ཚགས་གནང་བ། དུས་བབ་གསར་པའི་འོག་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་མགྱོགས་པོ་བྱེད་པའི་གཞི་རྩའི་ནང་དོན་དང་ལས་འགན་གཙོ་བོ་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་པར་གླེང་བ། དུས་རབས་གསར་པའི་ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བཅས་གནང་ཡོད་པས། སློབ་སྦྱོང་ནན་ཏན་དང་གོ་བ་གཏིང་ཟབ་ལེན་པ་དང་དོན་འཁྱོལ་ནན་ཏན་བྱེད་དགོས། རྒྱང་ལམ་གསར་པར་ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་ལས་འགན་གཟི་བརྗིད་ལྡན་ལ་འགན་འཁྲི་ལྕི་པོ་ཡོད་པས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚན་རྩལ་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་བརྟན་པོའི་རང་བཞིན་སྔར་བས་ཆེ་རུ་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་མཐུན་སྒྲིལ་འབད་འཐབ་བྱེད་དགོས།

ཚོགས་འདུའི་ཐོག་འཐུས་མི་ལི་ཏེ་རེན་དང་ཤུའེ་ཆི་ཁུན་གྱིས་བྱ་དགའ་ཐོབ་མཁན་ཡོངས་ཀྱི་ཚབ་ཞུས་ནས་གཏམ་བཤད་གནང་བ་རེད།

        ཚོགས་འདུ་མ་འཚོགས་གོང་། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཐོབ་པའི་འཐུས་མི་དང་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་ཚང་མ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

        2023ལོའི་ལོ་འཁོར་གྱི་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགར་ཁྱོན་རྣམ་གྲངས་ཁག་250དང་ཚན་རྩལ་རིགས་གཅིག་མཁས་ཅན་12དཔྱད་འདེམས་བྱས་ཤིང་། དེའི་ནང་རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་བྱ་དགའ་མཐོ་ཤོས་ཐོབ་མཁན་2དང་། རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་བྱ་དགའ་ཁག་49ཡོད་པའི་ནང་བྱ་དགའ་ཨང་དང་པོ་1དང་བྱ་དགའ་ཨང་གཉིས་པ་48ཡོད། རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་བྱ་དགའ་ཁག་62ཡོད་པའི་ནང་བྱ་དགའ་ཨང་དང་པོ་8དང་བྱ་དགའ་ཨང་གཉིས་པ་54ཡོད་པ། རྒྱལ་ཁབ་ཀྱི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ་ཁག་139ཡོད་པའི་ནང་དམིགས་བསལ་རིམ་པའི་བྱ་དགའ་3དང་། བྱ་དགའ་ཨང་དང་པོ་16 བྱ་དགའ་ཨང་གཉིས་པ་120བཅས་ཡོད་པ། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་10ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྤྱིའི་ཚན་རིག་ལག་རྩལ་མཉམ་ལས་བྱ་དགའ་སྤྲད་པ་རེད།