དྲན་སྐུལ་འདིར་མཐོ་རྒྱུགས་སློབ་མ་ཡོངས་ཀྱིས་གཟིགས་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-06-27   རྩོམ་ཁུངས།    ཁམས་པའི་བརྙན་འཕྲིན། 

མཐོ་རྒྱུགས་རེ་འདུན་རེའུ་མིག་འགོད་པར་སློབ་གསོ་པུའུ་ཡིས་དྲན་སྐུལ་འདི་འདྲ་བཏང་ཡོད།

        ཉེ་བའི་ལོ་ཤས་རིང་སྤྱི་ཚོགས་སྟེང་གི་རིན་གོང་མཐོ་བའི་མཐོ་རྒྱུགས་རེ་འདུན་རེའུ་མིག་འགོད་པའི་མཛུབ་སྟོན་ཞབས་ཞུ་ཁ་ཤས་ལ་དམིགས་ནས་སློབ་གསོ་པུའུ་ཡིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གིས་མཐོ་རྒྱུགས་རེ་འདུན་རེའུ་མིག་འགོད་པའི་མཛུབ་སྟོན་ཞབས་ཞུ་སྣ་ཚོགས་ལ་གཟབ་གཟབ་བྱས་ཏེ། དགོས་མེད་ཀྱི་དཔལ་འབྱོར་གྱོང་གུན་དང་རེ་འདུན་རེའུ་མིག་འགོད་པར་ཉེན་ཁ་སེལ་བའི་དྲན་སྐུལ་བཏང་ཡོད། གཤམ་ནས་རྒྱུན་མཐོང་གི་སྣང་ཚུལ་སྐོར་ཞིག་ངོ་སྤྲོད་ཞུ་རྒྱུ་ཡིན། 

        གཅིག ༼ནང་ཁུལ་གྱི་གཞི་གྲངས༽ལ་ཡིད་ཆེས་བྱ་མི་རུང་།

        ཚོགས་པ་དང་མི་སྒེར་ལ་ལས་ཁོ་ཚོར་ནང་ཁུལ་གྱི་གཞི་གྲངས་ཆེན་པོ་ལྡན་པས། གནད་ལ་འཁེལ་བའི་སྒོ་ནས་རྒྱུགས་སྤྲོད་སློབ་མའི་འདོད་བློ་དང་མཐུན་པའི་ཆེད་སྦྱོང་གདམ་རྒྱུར་ཁག་ཐེག་བྱེད་ཐུབ་ཅེས་བསྒྲགས་ནས། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་རིན་གོང་མཐོ་བའི་མཛུབ་སྟོན་ཞབས་ཞུ་ཉོ་བའི་བསླུ་བྲིད་གཏོང་བ་རེད། ཞིབ་དཔྱད་བྱས་པ་ན། གཞི་གྲངས་འདི་དག་ཡང་དག་མིན་པ་དང་ཐ་ན་ནོར་འཁྲུལ་རང་བཞིན་ཡོད་པས། རྒྱུགས་སྤྲོད་སློབ་མ་མང་པོས་གཞི་གྲངས་འདི་ལ་ཡིད་ཆེས་ནས་ནོར་འཁྲུལ་བྱུང་བའི་གནས་ཚུལ་ཡོད། 

        ལོ་རེའི་མཐོ་རྒྱུགས་རེ་འདུན་རེའུ་མིག་འགོད་པའི་སྔོན་ལ། ཞིང་ཆེན་རིམ་པའི་སློབ་མ་བསྡུ་བའི་སྡེ་ཁག་སོ་སོས་ལོ་དེའི་མཐོ་རྒྱུགས་ཀྱི་བསྡོམས་རྩིས་གནས་ཚུལ་དང་ཉེ་བའི་ལོ་ཤས་རིང་གི་སློབ་མ་བསྡུས་པའི་སྐར་གྲངས་ཁྱབ་བསྒྲགས་བྱེད་བཞིན་ཡོད་པས། ནང་ཁུལ་གྱི་གཞི་གྲངས་ཞེས་པའང་དོན་དུ་འདི་ལ་གཞི་བཟུང་བ་ལས་དམིགས་བསལ་གྱི་གཞི་གྲངས་ཤིག་མེད་པ་རེད། 

        གཉིས།  ༼ཆེད་ལས་ཚོགས་པར༽ ཆེད་ལས་རང་བཞིན་མི་ལྡན་པ།

        ཚོགས་པ་འགའ་ཞིག་གིས་མཐོ་རྒྱུགས་རེ་འདུན་རེའུ་མིག་འགོད་པའི་མཛུབ་སྟོན་ཆེད་མཁས་ཚོགས་པ་སོགས་ཀྱི་དར་ཆ་བསྒྲེངས་ནས་རང་ཉིད་ཀྱི་དབང་གྲགས་རང་བཞིན་ཆེ་རུ་གཏོང་བ་དང་། རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་ཡིད་ཆེས་ཐོབ་ཐབས་བྱས་པ་རེད། འོན་ཀྱང་དོན་དངོས་ཐོག་མཐོ་རྒྱུགས་ཀྱི་མཐོ་རིམ་ཆེད་མཁས་ཚོགས་པ་དང་མཛུབ་སྟོན་པ་ལ་འབྲེལ་ཡོད་ལག་ཁྱེར་དང་ཉམས་མྱོང་མེད་པར་མ་ཟད། འགའ་རེ་སྤྱི་ཚོགས་སྟེང་ནས་གནས་སྐབས་སུ་སྒྲིག་འཛུགས་བྱས་པ་ཡིན་པས།  ཁྱིམ་བདག་གིས་ལས་ཁུངས་འདི་དག་གི་མཛུབ་སྟོན་ཞབས་ཞུ་ཉོ་བར་གཟབ་གཟབ་བྱེད་དགོས།

        མིག་སྔར་འབྲེལ་ཡོད་སྡེ་ཁག་གིས་མཐོ་རྒྱུགས་རེ་འདུན་མཛུབ་སྟོན་པ་ཞེས་པ་སོགས་ཀྱི་ལག་འཁྱེར་དཔང་ཡིག་གཏན་ནས་བཀྲམས་མེད་ལ། ས་གནས་སོ་སོའི་སློབ་ཆེན་ཁག་གིས་དྲ་ཐོག་དང་ཡུལ་དངོས་ནས་སློབ་མ་བསྡུ་བའི་འདྲི་རྟོག་བྱེད་སྒོ་སྤེལ་བ་དང་། མཐོ་གསུམ་འཛིན་བདག་ལ་ཆེད་དུ་གསབ་སྦྱོང་དང་། ཆེད་དམིགས་ཀྱི་ལས་དོན་རུ་ཁག་སྒྲིག་འཛུགས་བྱས་ནས། སློབ་མ་དང་ཁྱིམ་བདག་ལ་མཛུབ་སྟོན་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་པས། གང་འདོད་དུ་སྤྱི་ཚོགས་སྟེང་གི་ཆེད་ལས་ཚོགས་པར་ཡིད་ཆེས་བྱ་མི་རུང་།  

        གསུམ་པ། ཞབས་ཞུའི་སྤུས་ཚད་ཁག་ཐེག་དཀའ་བ།

        ལས་ཁུངས་དང་ཚོགས་པ་ཁ་ཤས་ཀྱིས་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་གི་སེམས་ཁྲལ་བྱེད་བཞིན་པའི་སེམས་ཁམས་ལ་དམིགས་ནས། རིན་གོང་མཐོ་བའི་མཛུབ་སྟོན་ཞབས་ཞུའི་འགྲོ་གྲོན་བསྡུ་ལེན་བྱས་པར་མ་ཟད། རིན་གོང་གཏན་འཁེལ་གསལ་པོ་མེད་པ་དང་། ཞབས་ཞུའི་ནང་དོན་མི་གསལ་བས། རིན་གོང་གི་ཐད་ནས་མགོ་བསྐོར་གཏོང་བའི་དོགས་གཞིའི་གནས་ཚུལ་ཡོད། ལས་ཁུངས་ག་གེ་མོ་ཞིག་གིས་རིན་གོང་སྒོར་ཁྲི་ཁ་ཤས་ཡིན་པའི་ཆེད་སྦྱོང་མཛུབ་སྟོན་འདོན་སྤྲོད་བྱེད་ཐུབ་ཅེས་བཤད་མོད། འོན་ཀྱང་ཁྱིམ་བདག་མང་པོས་མཛུབ་སྟོན་ཞབས་ཞུའི་ནང་དོན་དང་དོན་དངོས་ཀྱི་དྲིལ་བསྒྲགས་གཉིས་མི་མཐུན་པ་དང་། རིན་གོང་མཐོ་དྲགས་པའི་འདོད་ཚུལ་བསྟན་ཡོད།  

        མིག་སྔར་སློབ་གསོ་པུའུ་དང་སློབ་མ་བསྡུ་བའི་སྡེ་ཁག་གིས་ཁྲོམ་རའི་དོ་དམ་ལྟ་སྐུལ་དང་སྤྱི་བདེ་པུའུ་སོགས་ལ་འབྲེལ་བ་བྱས་ནས་གནད་དོན་འདི་རིགས་ལ་རྡུང་རྡེག་གཏོང་བཞིན་ཡོད་ལ། སློབ་མ་དང་ཁྱིམ་བདག་གིས་གནས་ཚུལ་ཅི་རིགས་ལ་དབྱེ་ཞིབ་གསལ་བོ་བྱས་ནས་མགོ་བསྐོར་མི་ཐེབས་པ་བྱ་དགོས།

        བཞི་པ། ཆེད་སྦྱོང་གི་མཛུབ་སྟོན་དྲང་བཞག་མིན་པ།

        མཐོ་རྒྱུགས་རེ་འདུན་འགོད་པའི་མཛུབ་སྟོན་ཚོགས་པ་ཁ་ཤས་ཀྱིས་ཆེད་སྦྱོང་འགའ་རེའི་ལས་ཞུགས་མདུན་ལམ་ཡག་མོ་ཡོད་ཚུལ་འུར་སྒྲོག་བྱེད་པ་དང་། ཀུན་གྱིས་དོ་སྣང་བྱེད་པའི་ཆེད་སྦྱོང་ཞེས་པའི་སྣང་ཚུལ་རྫུན་མ་བཟོས་ཤིང་། ཐ་ན་ཆེད་སྦྱོང་གི་ཨང་རིམ་ཟེར་བ་ཡང་ཁྱབ་བསྒྲགས་བྱས་ཡོད། དེ་ལ་བརྟེན་ནས་རྒྱུགས་སྤྲོད་སློབ་མས་མཛུབ་སྟོན་ཞབས་ཞུ་ཉོ་ཐབས་བྱེད་པ་རེད། སློབ་མ་ལ་ལས་མཛུབ་སྟོན་འདི་རིགས་ལ་ཡིད་ཆེས་ནས༼ཀུན་གྱིས་དོ་སྣང་བྱེད་པའི༽ཆེད་སྦྱོང་ཞེས་པ་བདམས་ཡོད་ཀྱང་། མཐར་སློབ་གྲྭར་ཞུགས་པ་ན་རང་ཉིད་རྩ་བ་ནས་ཆེད་སྦྱོང་དེ་ལ་མི་དགའ་བ་དང་། རང་དང་མི་འཚམ་པའི་གནས་ཚུལ་བྱུང་ཡོད།

        མིག་སྔར་སློབ་ཆེན་ཁག་གིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་ནས་སློབ་མའི་སྤྱིའི་བྱང་ཚད་མཐོར་འདེགས་གཏང་རྒྱུ་གཙོ་བོར་འཛིན་པར་མ་ཟད། སློབ་མ་སློབ་གྲྭའི་ནང་ཞུགས་རྗེས་ཆེད་སྦྱོང་བརྗེ་བའི་ཞིབ་ཕྲའི་བྱེད་ཐབས་ཀྱང་བཀོད་སྒྲིག་བྱས་ཡོད་པས། རྒྱུགས་སྤྲོད་སློབ་མ་དག་གིས་སེམས་ཁྲལ་ཆེན་པོ་བྱ་མི་དགོས་པར་གཙོ་བོ་རང་ཉིད་དང་འཚམ་པའི་ཆེད་སྦྱོང་ཞིག་གདམ་རྒྱུ་གལ་ཆེན་རེད།