2024ལོའི་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་བྱང་དུ་འཚོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    海北藏族自治州人民政府

    ཟླ7པའི་ཚེས3ཉིན། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུ་ཡིས་གཙོ་སྒྲུབ་དང་མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་རོགས་སྒྲུབ་བྱས་པའི2024ལོའི་རྒྱལ་ཡོངས་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་མཚོ་བྱང་ཁུལ་དུ་འཚོགས། ཚོགས་འདུའི་སྟེང་ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་བ་དང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཅུ་ཀྲང་གཞོན་པ་པའོ་ཝེར་ཅང་གིས་གཏམ་བཤད་གནང་།  ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་བོད་སྐད་ཡིག་གཞུང་ལས་ཁང་གི་ཀྲུའུ་རིན་བློ་བཟང་བསྟན་འཛིན་གྱིས་མགོ་འཛིན་བྱས། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཟླ་བ་ཚེ་རིང་དང་། མཚོ་བྱང་ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་ཞན་རུང་བཅས་ཚོགས་འདུར་ཞུགས།

微信图片_20240703140803.jpg

ཚོགས་འདུར་ཕེབས་པའི་མགོ་ཁྲིད།

微信图片_20240703140754.jpg

ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཤིས་ཚིག་འབུལ་བཞིན་པ།

微信图片_20240703140752.jpg

ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུའི་ཅུ་ཀྲང་གཞོན་པ་པའོ་ཝེར་ཅང་གིས་གསུང་བཤད་གནང་བཞིན་པ།

    གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། བརྡ་ཆད་གསར་པའི་ཡིག་སྒྱུར་ནི་མི་རིགས་སྐད་ཡིག་ཡིག་སྒྱུར་བྱ་བའི་ཁྲོད་ཀྱི་རྨང་གཞིའི་ལས་དོན་ཞིག་ཡིན་ཏེ། དེར་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ལྡན་ཞིང་། མི་རིགས་སྐད་ཡིག་ཡང་དག་པའི་སྒོ་ནས་སྤྱོད་པ་དང་སློབ་པར་འབྲེལ་བ་ཆེན་པོ་ལྡན་ལ། རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ལམ་ཕྱོགས་དང་སྲིད་ཇུས། རྒྱབ་ཁབ་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་ཡང་དག་པའི་སྒོ་ནས་ཤེས་རྟོགས་དང་རྒྱུས་ལོན་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས། རིག་གནས། སློབ་གསོ་བཅས་ཀྱི་དོན་དངོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཡང་འབྲེལ་བ་ཆེན་པོ་ལྡན། 2010ལོ་ནས་བཟུང་། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུ་ཡིས་བསྟུད་མར་ལོ་བཅོ་ལྔར་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་རྩ་འཛུགས་བྱས་ཏེ་འཚོགས་ཤིང་། དེ་ནི་མི་རིགས་སྐད་ཡིག་ཡིག་སྒྱུར་ལས་རིགས་ཀྱི་ལས་སྟེགས་གལ་ཆེན་ཞིག་དང་། མི་རིགས་སྐད་ཡིག་གི་བརྡ་ཆད་ཡིག་སྒྱུར་ཚད་ལྡན་ཅན་གྱི་ཕྱོགས་སུ་འགྲོ་བར་སྐུལ་འདེད་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར་ཡོད།


ཚོགས་རའི་རྣམ་པ།

    གྲོས་ཚོགས་ཐོག་བླང་བྱ་བཏོན་པ་སྟེ། གཅིག་ནས་བརྡ་ཆད་གཅིག་གྱུར་གྱི་ཆབ་སྲིད་འགག་སྒོ་ནན་གྱིས་སྲུང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་གལ་ཆེའི་དགོངས་པ་དང་། ཀྲུང་དབྱང་མི་རིགས་ལས་དོན་གྲོས་ཚོགས་དང་རྒྱལ་ཡོངས་མི་རིགས་སྐད་ཡིག་ལས་དོན་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་ནས་སྟངས་འཛིན་བྱེད་པ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་རྒྱུན་འཁྱོངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་སྐད་ཡིག་ལས་དོན་གྱི་སྲིད་ཇུས་ཁ་ཕྱོགས་དེ་བརྡ་ཆད་གཅིག་གྱུར་གྱི་བརྒྱུད་རིམ་ཧྲིལ་བོ་དང་ཕྱོགས་སོ་སོའི་ཁྲོད་ལག་བསྟར་དོན་འཁྱོལ་བྱས་ཏེ། བརྡ་ཆད་གཅིག་གྱུར་གྱི་ཆབ་སྲིད་འགག་སྒོ་དང་འདུ་ཤེས་འཛིན་སྟངས་ཀྱི་འགག་སྒོ་ནན་སྲུང་བྱེད་དགོས། གཉིས་ནས་བརྡ་ཆད་གཅིག་གྱུར་གྱི་རྩ་དོན་བླང་བྱ་ནན་གྱིས་སྲུང་དགོས། ཡིག་སྒྱུར་གྱི་རྩ་དོན་དང་སྤྱིའི་བླང་བྱ་ཡང་དག་པའི་སྒོ་ནས་ཤེས་རྟོགས་བྱས་ཏེ། མ་ཡིག་གི་བརྗོད་བྱའི་སྙིང་བོ་ཡང་དག་པའི་སྒོ་ནས་མཚོན་པ་དང་། ཀྲུང་གོའི་ཁྱད་ཆོས་དང་ཚན་རིག་དང་མཐུན་པའི་ཚད་གཞི་རྒྱུན་འཁྱོངས། རྒྱུན་འབྱམས་སུ་སོང་བ་དང་དུས་རབས་དང་འཚམ་པ་གཉིས་གཅིག་གྱུར། རིགས་དབྱེའི་མཛུབ་སྟོན་དང་མཐུན་སྦྱོར་གཅིག་མཐུན་གཉིས་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། བརྡ་ཆད་གཅིག་གྱུར་གྱི་ཚད་གཞི་ཁག་ཐེག་བྱེད་དགོས། གསུམ་ནས་སྐད་ཡིག་འཕེལ་རྒྱས་ཀྱི་ཆོས་ཉིད་ནན་གྱིས་སྲུང་དགོས། “སྔོག་འདོན། གསར་གཏོད། གཡོར་བ”བཅས་ཀྱི་ཡིག་སྒྱུར་བྱེད་ཐབས་སྐབས་བསྟུན་གྱིས་སྤྱོད་པ་དང་། རང་སྐད་དུ་ཡོད་པའི་མིང་ཚིག་དང་དམིགས་བསལ་བརྗོད་པ་སྔོག་འདོན་བྱས་ཏེ། བརྡ་དོན་ཡང་དག་པའི་སྒོ་ནས་མཚོན་པ་དང་། ཁ་སྐད་དང་རིག་གཞུང་། རིག་གནས་བཅས་ཀྱི་རིན་ཐང་གཅིག་གྱུར་བྱས་ཏེ། བརྡ་ཆད་གཅིག་གྱུར་གྱི་ལས་དོན་ལེགས་པོར་བསྒྲུབ་དགོས།

微信图片_20240703140830.jpg

མཉམ་པར།

    ཚོགས་འདུར་ཞུགས་པའི་ཆེད་མཁས་དང་ཞིབ་འཇུག་པ་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་ལྟེ་བར་འཛིན་པ་བཅས་བྱས་ཏེ། གཟབ་ནན་གྱི་ཀུན་སློང་གིས་བརྡ་ཆད་གསར་པའི་ཡིག་སྒྱུར་ཚད་ལྡན་ཅན་གྱི་བྱ་བའི་བླང་བྱ་གཞིར་བཟུང་སྟེ། མི་རིགས་སྐད་ཡིག་བརྡ་ཆད་གཅིག་གྱུར་གྱི་ལས་དོན་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་པར་བསྒྲུབ་རྒྱུ་དང་། མི་རིགས་སྐད་ཡིག་ཡིག་སྒྱུར་ཚད་ལྡན་ཅན་དུ་གཏོང་བར་རོགས་འདེགས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ལས་དོན་སྒྲུབ་མཁན་གྱི་འགན་འཁྲི་ཕྲག་ཏུ་ལེན་རྒྱུ་ཡིན་ཞེས་བཤད།
       ཚོགས་འདུར་རྒྱལ་ཡོངས་ཀྱི་སློབ་ཆེན་དང་དཔར་སྐྲུན་ཁང་། རྩོམ་སྒྱུར་ཅུ། བརྙན་འཕྲིན་ཁང་། ཚགས་པར་ཁང་སོགས་ནས་ཕེབས་པའི་བོད་སྐད་ཡིག་ལོ་ཙཱའི་ཆེད་མཁས་དང་མཁས་དབང30ལྷག་ཞུགས་ཡོད།