ཞི་ཅིན་ཕིང་ཨ་སི་ཐ་ན་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    ཤིན་ཧྭ་གསར་འགྱུར་ཁང་།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་2ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཨ་སི་ཐ་ན་གྲོང་ཁྱེར་དུ་ཕེབས་འབྱོར་ཟིན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་ཤིང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད། ཐོ་ཁཱ་ཡེ་ཧྥུའུ་ཡིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་མགྲོན་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད།

    ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་2ཉིན་གྱི་ཉིན་དགུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཨ་སི་ཐ་ནར་ཕེབས་འབྱོར་ཟིན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པ་དང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡི་གདན་ཞུས་ལྟར་ཧ་སག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་རེད།

    ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་ཧ་སག་སི་ཐན་གྱི་མངའ་ཁོངས་བར་སྣང་དུ་སླེབས་རྗེས་ཧ་སག་སི་ཐན་གྱི་མཁའ་དམག་དམག་འཐབ་གནམ་གྲུ་གསུམ་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་པ་རེད།

    ཆེད་གཏོང་གནམ་གྲུ་ཨ་སི་ཐ་ན་གྲོང་ཁྱེར་གྱི་ན་ཀྲར་པ་ཡེ་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་སྐབས། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་སྲིད་གཞུང་གི་ཙུང་ལི་གཞོན་པ་དང་པོ་སི་ཁེ་ལི་ཡར་དང་།  ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ནུར་ཐེ་ལེ་ཝུའུ། ཙུང་ཐུང་གི་ཕྱི་དོན་བློ་འདྲི་བ་ཁ་ཅི་ཧན། ཨ་སི་ཐ་ན་གྲོང་ཁྱེར་གྱི་ཧྲི་ཀྲང་ཁ་སེ་མུ་པེ་ཁེ་སོགས་མཐོ་རིམ་དཔོན་རིགས་ཀྱི་སྣེ་ཁྲིད་དེ་སྤྲོ་སེམས་འཁོལ་པོས་ཕེབས་བསུ་ཞུས་པ་རེད། ལུས་ལ་གཟབ་མཆོར་སྤྲས་པའི་ཧ་སག་སི་ཐན་གྱི་གཞོན་ནུ་བུད་མེད་ཀྱིས་ཞི་ཅིན་ཕིང་ལ་མེ་ཏོག་ཕུལ་བ་རེད།

    ཐོ་ཁཱ་ཡེ་ཧྥུའུ་ཡིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་མགྲོན་བསུའི་མཛད་སྒོ་གཟབ་རྒྱས་གཉེར་བ་རེད། གཟབ་སྦྲེང་དམག་མི་100ལྷག་ཙམ་དཔའ་ཉམས་དོད་པོས་འགྱིང་ངེར་ལངས་པ་དང་། དམག་མིའི་རོལ་ཆ་ཚོགས་པས་མགྲོན་བསུའི་རོལ་ཆ་དཀྲོལ་བ་དང་མགྲོན་བསུའི་དུང་བརྡ་བཏང་ཞིང་། ཧ་སག་སི་ཐན་གྱི་བྱིས་པ་བརྒྱ་ཙམ་གྱིས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས“སྐུ་ཁམས་བཟང”ཞེས་དགའ་འབོད་བྱས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཐོ་ཁཱ་ཡེ་ཧྥུའུ་ཡི་ཕེབས་རོགས་འོག་ཞི་ཅིན་ཕིང་གིས་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་རེད། ཧ་སག་སི་ཐན་གྱི་ལོ་ཆུང་བྱིས་པ་བཅུ་ལྷག་ཙམ་གྱིས་རྒྱ་སྐད་ཀྱི་ཐོག་ནས《མེས་རྒྱལ་ལ་གླུ་དབྱངས་ལེན》ཞེས་པའི་གླུ་གཞས་བཏང་བ་རེད།

    ཞི་ཅིན་ཕིང་གིས་གནམ་ཐང་དུ་ཡིག་ཐོག་གསུང་བཤད་གནང་ནས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་མཛའ་མཐུན་གྱི་ཧ་སག་སི་ཐན་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་དང་སྨོན་འདུན་བཟང་པོ་ཞུས་པ་རེད།

ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་དང་ཧ་སག་སི་ཐན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་32སོང་རིང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བར་དུས་རབས་ཀྱི་འཕོ་འགྱུར་དང་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོའི་ཚོད་བགམ་ཐེག་ནས་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་མེད་དུ་མི་རུང་བ་ཞིག་ཆགས་ཏེ། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་ཕྱར་བ་གྲུ་འདེགས་དང་། གཉིས་ཁེ་གཉིས་ཕན། ཕན་ཚུན་གྲུབ་འབྲས་ཐོབ་པ་བཅས་ཀྱི་འབྲེལ་བའི་དཔེ་མཚོན་བཏོད་ཡོད། ལོ་11གི་གོང་། ངས་ཧ་སག་སི་ཐན་དུ“དར་གོས་ལམ་བུའི་དཔལ་འབྱོར་ཁུལ”མཉམ་དུ་སྐྲུན་པའི་གྲོས་འགོ་ཐེངས་ཐོག་མ་བཏོན་པ་ཡིན། ད་ཆ། ཀྲུང་གོ་དང་ཧ་སག་སི་ཐན་གྱི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ངས་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཀྲུང་གོ་དང་ཧ་སག་སི་ཐན་གྱི་འབྲེལ་བ་དང་། དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་བྱས་ནས། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཡུན་རིང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཆར་གཞི་གསར་པ་འགོད་པ་དང་བཀོད་སྒྲིག་གསར་པ་བྱེད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ངས་ཀྱང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཨ་སི་ཐ་ན་དབུ་ཚོགས་ལ་ཞུགས་ནས་ཕྱོགས་ཁག་དང་མཉམ་དུ་རྩ་འཛུགས་ཀྱི་འབྱུང་འགྱུར་ཐུན་མོང་ཐོག་གླེང་བ་དང་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་མོལ་བྱས་ཏེ། ཕྱོགས་མང་ལམ་སྲོལ་གལ་ཆེན་འདིར་འཕེལ་རྒྱས་གསར་པ་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་ཀྱང་བྱེད་ཀྱི་ཡོད།

    ཚའེ་ཆི་དང་ཝང་དབྱི་སོགས་ཕེབས་རོགས་མི་སྣ་ལྷན་དུ་གནམ་གྲུ་གཅིག་གི་ནང་ཕེབས་འབྱོར་ཟིན་པ་རེད།

    ཧ་སག་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲང་ཤའོ་ཡང་གནམ་ཐང་དུ་ཕེབས་བསུར་བཅར་བ་རེད།

    ཞི་ཅིན་ཕིང་ཕེབས་ཊོར་བཞུགས་ཏེ་གནམ་ཐང་ནས་བཞུགས་གནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ། ས་གནས་དེ་གའི་ཀྲུང་གོའི་མ་འཇོག་ཁེ་ལས་ཀྱི་འཐུས་མིས་འགྲོ་ལམ་གྱི་གཞོགས་གཡས་གཡོན་གཉིས་སུ་བསྒུགས་ནས་ཀྲུང་ཧ་རྒྱལ་ཁབ་གཉིས་པོའི་རྒྱལ་དར་གཡུག་གཡུག་བྱས་ནས། “ཀྲུའུ་ཞི་ཞི་ཅིན་ཕིང་ཧ་སག་སི་ཐན་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་པ་སོགས་ཀྱི་འཕྲེད་འགེལ་ཡི་གེ་དམར་པོ་མཐོན་པོར་བསྒྲེངས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུས་པ་རེད།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་2ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེ་ཅིང་ནས་ཞལ་གྱེས་ཏེ་ཨ་སི་ཐ་ན་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་བཞི་པར་ཞུགས་པར་ཕེབས་ཤིང་། ཧ་སག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་དང་ཐ་ཇིག་སི་ཐན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལཱ་ཧོ་མོང་གི་གདན་ཞུས་ལྟར་རྒྱལ་ཁབ་གཉིས་པོར་རྒྱལ་དོན་འཚམས་འདྲི་གནང་བ་རེད།