2024ལོར་ཧྲུན་ཧྥེང་གིས་སེམས་ཀྱི་ཉི་ཟླའི་བེ་ཤ་ཡུན་ནན་ཕྱིར་ཐོན་རྒྱུར་རྒྱུན་མཐུད་རོགས་རམ་བྱེད་རྒྱུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།  གསར་འགོད་པས་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་གྲུ་ཐང་ནས་ཤེས་རྟོགས་བྱུང་དོན།  2024ལོའི་བེ་ཤ་ཁོ་ནའི་ཟོག་འདྲེན་གནམ་གྲུའི་མཁའ་ལམ་དེ་ཟླ་7པའི་ཚེས་19ཉིན་དངོས་སུ་ལས་གཉེར་སླར་གསོ་བྱ་རྒྱུ་ཡིན་པ་རེད།

        ད་ལོའི་བེ་ཤ་དུས་ཚིགས་སུ་ཧྲུན་ཧྥེང་མཁའ་འགྲུལ་གྱིས་པོའོ་དབྱིན757-200རྟགས་ཅན་གྱི་ཟོག་འདྲེན་གནམ་གྲུ་གཉིས་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་ཤོང་ཚད་ཆེ་ཤོས་ཏུན་20ཙམ་ཡིན་པ། འཕུར་སྐྱོད་འཆར་གཞི་དེ་བེ་ཤའི་དུས་ཚིགས་ཧྲིལ་པོ་ནས་ཟླ་9པའི་ཟླ་མཇུག་བར་ཁྱབ་པ་དང་། མཁའ་ལམ་ནི་བདེ་ཆེན་ནས་ཁུན་མིང་ནས་ཨོ་ཀྲོའུ་བར་ཡིན་པ་དང་ཁྱབ་འགྱེད་གྲོང་ཁྱེར་གྱི་ཁྱབ་ཁོངས་དེ་བས་ཆེ་བ་དང་གོ་ཆོད་ཡུན་ཚད་དེ་བས་ལེགས་པ་ཡོད་པ་རེད།   ཆ་རྐྱེན་འཛོམས་པའི་གནས་ཚུལ་འོག མཚན་མོའི་མཁའ་འགྲུལ་གྱི་ཞིབ་མཆན་བརྩོན་ལེན་བྱས་པ་དང་་མཚན་མོའི་མཁའ་འགྲུལ་འཁོར་སྐྱོད་ཀྱི་ཐོབ་ཐང་ཐོབ་པ་བྱས་ཏེ་བེ་ཤ་ཐོན་ཚད་མང་བའི་གནས་ཚུལ་འོག་ལག་བསྟར་ཐེངས་གྲངས་མང་དུ་གཏོང་བ་དང་དུས་གཏན་གནམ་གྲུ་ལག་བསྟར་བྱེད་པའི་དུས་ཚོད་རིང་དུ་བཏང་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་ལ་སྟབས་བདེ་ཞིང་མྱུར་བའི་མཁའ་འགྲུལ་སྐྱེལ་འདྲེན་བགྲོད་ལམ་རྒྱུན་མཐུད་ངང་བསྐྲུན་རྒྱུ་ཡིན་པ་རེད།

        2021ལོར།  བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཡུན་ནན་གནམ་ཐང་ཚོགས་པ་ཀུང་སི་དང་། ཡུན་ནན་ཧྲུན་ཧྥེང་ཚད་ཡོད་ཀུང་སི་དང་མཉམ་དུ་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་དུ་ཡུན་ནན་ཞིང་ཆེན་ནང་ཁུལ་གྱི་ཡན་ལག་གནམ་ཐང་གི་དངོས་ཟོག་ཁོ་ན་མཁའ་ལམ་དང་པོ་དངོས་སུ་ཤར་གཏོང་ཐུབ་རྒྱུར་སྐུལ་འདེད་བཏང་བ་དང་། སྡེ་ཚན་ཁག་དང་ཚན་པ་ཁག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་མཉམ་ལས་བྱས་པའི་འོག་སེམས་ཀྱི་ཉི་ཟླའི་བེ་ཤ་ཁོ་ནའི་དངོས་ཟོག་གནམ་ཐང་བརྟན་པོའི་ངང་གཉེར་སྐྱོང་ཐུབ་ཡོད།  ཉེ་བའི་ལོ་ཤས་རིང་།  ཡུན་ནན་ཧྲུན་ཧྥེང་ཡུན་ནན་གྱིས་ཟོག་འགྲེམས་སྟོབས་ཆེའི་ཞིང་ཆེན་གཏོད་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་དེང་རབས་ཟོག་འགྲེམས་མ་ལག་འཕེལ་རྒྱས་གཏོང་རྒྱུའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་རང་ངོས་ཀྱི་ལེགས་ཆ་དང་ཟུང་འབྲེལ་གྱིས་ཐོན་ཁུངས་ཀྱི་གཏོང་ཆ་རྒྱུན་ཆད་མེད་པར་རིམ་སྤོར་དང་སྤྲིན་ཐོན་རྫས་ཡུན་ནན་ཕྱིར་ཐོན་རྒྱུར་རོགས་རམ་བྱས་པ་རེད།  ལྷག་པར་དུ་བདེ་ཆེན་དུ་རྒྱལ་ཡོངས་ཀྱི་བེ་ཤ་ཁོ་ནའི་གནམ་གྲུའི་མཁའ་ལམ་ཐོག་མ་བདེ་བླག་ངང་ཤར་གཏོང་ཐུབ་ནས་བེ་ཤ་ཐོན་ཡུལ་ཐད་འཕུར་ཐུབ་རྗེས་བདེ་ཆེན་ཁུལ་སྲིད་གཞུང་དང་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་དང་མཉམ་ལས་དམ་ཟབ་བྱས་ཏེ་2022ལོར་ཧྲུན་ཧྥེང་བདེ་ཆེན་གནམ་ཐང་གི་མཁའ་འགྲུལ་ཁག་བགོས་ལྟེ་གནས་དང་ཧྲུན་ཧྥེང་བདེ་ཆེན་དང་འབའ་ལུང་མྱུར་སྐྱེལ་དངོས་ཟོག་བསྡུ་འགྲེམས་ལྟེ་གནས་"ལྟེ་གནས་གཅིག་དང་བསྡུ་འགྲེམས་ལྟེ་གནས་གཉིས་"སྔ་རྗེས་སུ་བཙུགས་ནས་བདེ་ཆེན་གྱི་ཐོན་རྫས་ཡུན་ནན་ཕྱིར་ཐོན་པ་ལ་ཡང་སྒུལ་ཤུགས་གསར་པ་བསྣན་པ་དང་བདེ་ཆེན་ཁུལ་གྱི་མཐའ་མཚམས་ས་ཁུལ་གྱི་མྱུར་སྐྱེལ་དངོས་རྫས་ཀྱི་གོ་ཆོད་ཡུན་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད།  གཞན་ཡང་བདེ་ཆེན་ཁུལ་སྲིད་གཞུང་གིས་ལག་གདང་སྦྲེལ་ནས་ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སི་དང་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་གིས་2022ལོའི་ཟླ་6པ་དང་2023ལོའི་ཟླ་7པར་ཐུན་མོང་ཐོག་"བེ་ཤ་ནས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་"ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་སེམས་ཀྱི་ཉི་ཟླའི་བེ་ཤ་གླེང་སྟེགས་སྐབས་དང་པོ་དང་སྐབས་གཉིས་པ་སྟེ་ཧྲུན་ཧྥེང་བེ་ཤ་སྐུར་སྐྱེལ་ཐག་གཅོད་ཇུས་གཞིའི་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སེམས་ཀྱི་ཉི་ཟླའི་བེ་ཤ་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་རོགས་རམ་བྱས་པ་རེད། བདེ་ཆེན་དཔལ་འབྱོར་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་བ། བྱེད་ཐབས་དེ་དག་གིས་ས་གནས་ཀྱི་ཞིང་དུད་འབབ་འཕར་དང་། གྲོང་གསེབ་དར་རྒྱས། བེ་ཤ་ཐོན་ལས་སྐྱེད་སྲིང་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བ་དང་། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

        2024ལོར།  བདེ་ཆེན་ཁུལ་སྲིད་གཞུང་གིས་ཡུན་ནན་ཧྲུན་ཧྥེང་མྱུར་སྐྱེལ་ཚད་ཡོད་ཀུང་སི་ཡིས་དེ་སྔའི་རྨང་གཞིའི་ཐོག་བདེ་ཆེན་སེམས་ཀྱི་ཉི་ཟླ་གནམ་ཐང་གི་ཟོག་འདྲེན་མཁའ་ལམ་རྒྱུན་མཐུད་ངང་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། བདེ་ཆེན་ཁུལ་གྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་ཐུན་མོང་གི་ངོས་འཛིན་བྱུང་ནས་"བེ་ཤ་ལས་འགོ་ཚུགས་པ་དང་བེ་ཤ་ལས་མི་ཚད་པའི་"ལས་ཀའི་དམིགས་ཚད་ལ་དམིགས་ཏེ་མཉམ་ལས་ཀྱི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་མཉམ་ལས་ཀྱི་ཁྱབ་ཁོངས་གཏིང་ཟབ་དང་རྒྱ་ཆེར་གཏོང་ཡོད།   འབྲེལ་ཡོད་ཐུན་མོང་ངོས་འཛིན་གྱི་གྲུབ་འབྲས་དང་ལས་ཀའི་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱ་ཆེད་ཡུན་ནན་ཧྲུན་ཧྥུང་གིས་བདེ་ཆེན་སེམས་ཀྱི་ཉི་ཟླའི་གནམ་ཐང་དང་མཉམ་འབྲེལ་བྱས་ཏེ་སེམས་ཀྱི་ཉི་ཟླའི་བེ་ཤ་ལ་ཡུན་ནན་ནས་རྒྱུན་མཐུད་ཤུགས་རྒྱག་རྒྱུ་ཡིན་ཏེ།  ཕྱོགས་གཅིག་ནས་"ལྟེ་གནས་གཅིག་དང་བསྡུ་འགྲེམས་ལྟེ་གནས་གཉིས་"ཀྱི་ཧྲུན་ཧྥེང་བསྡུ་འགྲེམས་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་ཧྲུན་ཧྥེང་དངོས་ཟོག་ཁོ་ནའི་མཁའ་ལམ་དང་དེ་བཞིན་"སྐམ་ཐོག་ནས་མཁའ་འགྲུལ་སྒྱུར་བའི་"ལས་སྒོའི་སྐྱེལ་འདྲེན་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་བཏང་ནས་ཧྲུན་ཧྥེང་མྱུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་ལྷུ་ཚིགས་ཁུ་བསྡུ་དང་། ཐག་གཅོད་བརྒྱུད་རིམ་ལེགས་སུ་གཏོང་བ། མཁོ་མཁན་གྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་བཅས་བྱ་རྒྱུ། ཕྱོགས་གཞན་ཞིག་ནས་མཁའ་འགྲུལ་ཟོག་འདྲེན་གྱི་"མཐའ་མའི་སྤྱི་ལེ་གཅིག་"གི་སྐྱེལ་འདྲེན་དང་ཞབས་ཞུའི་འགན་ལེན་རྒྱུན་མཐུད་ངང་ལེགས་སུ་གཏོང་བ་དང་ཧྲུན་ཧྥེང་མྱུར་སྐྱེལ་དངོས་ཟོག་མཐའ་མཚམས་ས་ཁུལ་དུ་གོ་ཆོད་ཡུན་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་"བདེ་ཆེན་གྱི་ཐོན་རྫས་ཁུལ་ཕྱིར་ཐོན་པ་དང་ཡུན་ནན་གྱི་ཐོན་རྫས་ཡུན་ནན་ཕྱིར་ཐོན་པ་"དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རོགས་རམ་བྱ་ཆེད་རྒྱུན་མཐུད་ངང་ནུས་ཤུགས་བཏོན་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་རྒྱུ་རེད།།