མཁོ་ཆས་ནས་བཟོ་རྩལ་ཐོན་རྫས་སུ་གྱུར་པའི་བོད་གྲི

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-05   རྩོམ་ཁུངས།    西藏日报藏文媒体

    མི་རིགས་ཀྱི་ལག་ཤེས་བཟོ་ལས་ནི་རང་ལྗོངས་ཀྱི་སྲོལ་རྒྱུན་ཐོན་ལས་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་ཞིང་། དེ་ལས་མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་བཞིན་ཡོད། རང་ལྗོངས་ལ་ལོ་རྒྱུས་ཡུན་རིང་ལྡན་པའི་མི་རིགས་ཀྱི་ལག་ཤེས་ཐོན་རྫས་མང་པོ་ཡོད་པའི་ཁྲོད་བོད་གྲི་ནི་ཐུན་མོང་མ་ཡིན་པ་ཞིག་རེད།

བོད་ལྗོངས་རྟེན་མཛོད་ཁང་དུ་ཉར་ཚགས་བྱས་པའི་བོད་གྲི་ཡིན་པ།

    བོད་གྲི་ནི་བོད་ཀྱི་ལྕགས་རིགས་རྡུང་རྩལ་ལས་གྲུབ་པ་ཞིག་ཡིན་པ་དང་། དེའི་མིང་གྲགས་ཕྱོགས་བཞིར་ཁྱབ་པ་མ་ཟད། གནའ་བོའི་བཟོ་རྩལ་དེ་ཆེས་རྒྱུན་གཏན་དང་ཆེས་མཚོན་བྱེད་ལྡན་པའི་རིགས་ཤིག་ཀྱང་ཡིན་སྟབས། མངོན་གསལ་དོད་པའི་མི་རིགས་དང་ས་གནས་ཀྱི་ཁྱད་ཆོས་ལྡན་ཡོད། བོད་མི་དམངས་ཀྱི་ཐོན་སྐྱེད་དང་། འཚོ་བ། མཛེས་དཔྱོད་སོགས་ཀྱི་ཁྲོད་དུ་བོད་གྲིས་གནས་བབ་གལ་ཆེན་བཟུང་ཡོད་ལ། བོད་ཀྱི་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད།

ལྕགས་གཏེར་རིགས་གསུམ་མཉམ་དུ་བཙོ་སྦྱངས་བྱས་པ་ལས་གྲུབ་པའི་བོད་གྲིའི་ཁྲ་རིས་ཡིན་པ།

    སྲོལ་རྒྱུན་གྱི་བོད་གྲིར་བཟོ་རྒྱུན་ངོས་ནས་བཤད་ཚེ། རང་ལྗོངས་ཀྱི་བོད་གྲི་བཟོ་ས་གཙོ་བོ་ཧ་ལམ་ལྗོངས་ཡོངས་ཀྱི་ས་གནས་མང་པོར་ཁྱབ་ཡོད། བཟོ་རྩལ་ལ་གཅིག་ནས་ས་གནས་ཀྱི་ཁྱད་ཆོས་ལྡན་པ་དང་། གཉིས་ནས་ཐུན་མོང་གི་ཆ་ཡང་མང་པོ་ཡོད། བེད་སྤྱོད་ཀྱི་ཆ་ནས་དབྱེ་ན། རང་རང་སོ་སོར་ཁྱད་ཆོས་ལྡན་པ་སྟེ། སྤྱིར་བཏང་ཞིང་ཁུལ་གྱི་གྲི་གཙོ་བོ་སྣམ་བུ་དྲས་འཚེམ་དང་རྩྭ་ངན་འཐུ་བ་སོགས་ལ་སྤྱོད་པ་དང་། འབྲོག་ཁུལ་དུ་ནོར་ལུག་བཤས་གཏོང་བ་སོགས་ལ་སྤྱོད་པ་དང་དུས་རྒྱུན་འདོགས་མཁན་ཡང་མང་པོ་ཡོད། བོད་ཤར་རྒྱུད་དང་ཀོང་པོའི་ཁུལ་དུ་གྲི་གུག་བཏགས་ན་ནགས་གསེབ་ཏུ་ངལ་རྩོལ་བྱེད་སྐབས་གཅན་གཟན་གྱི་གནོད་འཚེ་འགོག་ཐུབ་ཀྱི་ཡོད། བོད་ལྗོངས་ལྷ་རྩེར་སྟོད་གཞས་དང་། པད་ཁ། ཟོམ་པ་བཅས་ཀྱི་འབྱུང་ཁུངས་ཞེས་འབོད་སྲོལ་ཡོད་ལ། བོད་གྲིའི་འབྱུང་གནས་ཞེས་ཀྱང་བརྗོད། བོད་གྲི་རིགས་མང་པོའི་ཁྲོད་ལྷ་རྩེའི་བོད་གྲིར་མིང་གྲགས་ཆེན་པོ་ལྡན་པ་དང་དེའི་བཟོ་རྩལ་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ལ་སྔ་རྗེས་སུ་བཅུག་ཡོད།

བོད་ལུགས་གསོ་རིག་ལ་ཆེད་མངགས་སྤྱོད་པའི་གཏར་གྲི་སོགས་ཡིན་པ།

    ལྷ་རྩེའི་བོད་གྲིར་རིང་བ་དང་། ཐུང་བ། ཆུང་བ་བཅས་སྣ་ཁ་གསུམ་ཡོད་དེ། གྲི་རིང་བར་སྨི་1དང་། ཐུང་བར་ལི་སྨི་40ཙམ། ཆུང་བར་ལི་སྨི་བཅུ་གྲངས་ཡོད། ལྷ་རྩེའི་གྲིའི་ལྕགས་ངར་བ་དང་། ལས་སྣོན་ཞིབ་ཚགས་པ། འོད་མདངས་ཆེ་བ། དངོ་རྣོ་བ་བཅས་ཡོད། གྲི་ཡུ་མང་ཆེ་བ་རྭ་ཅོ་དང་ཤིང་གིས་བཟོས་པར་དངུལ་སྐུད་དང་དེ་བཞིན་གསེར་སྐུད་དཀྲིས་པ་དང་གྲི་རྩེ་གྲའི་ཕྱི་ཤུབས་ཟངས་ཀྱིས་བཏུམས་པ་དང་ལ་ལར་དངུལ་གྱི་ཁྲ་རྒྱན་བཏབ་ཡོད། གྲི་ཤུབས་ལ་དང་དོད་ཆེ་བ་དང་། དངུལ་དང་ཟངས་ཀྱིས་བཏུམས་པའི་ཐོག་མེ་ཏོག་དང་སྲོག་ཆགས་ཀྱི་རི་མོ་བརྐོས་པ་དང་ལ་ལར་མུ་ཏིག་དང་གསེར་ཆུ་བཏང་ནས་རྫིག་ཉམས་དོད་པོ་ཡོང་བར་བྱེད་ཀྱི་ཡོད།

རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཆུ་ཤུར་གྱི་ལྕུག་སླས་བཟོ་རྩལ་རྒྱུན་འཛིན་པས་སྲོལ་རྒྱུན་གྱི་གྲི་སྤྱོད་བཞིན་པ།

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཕུ་མདོའི་བོད་གྲིར་ལོ་རྒྱུས་ཡུན་རིང་ལྡན་ཞིང་། བཟོ་རྩལ་ལེགས་ལ་སྤུས་ཀ་དག་པ་དང་གོ་ཆོད་པོ་ཡོད་པས། དགའ་པོ་བྱེད་མཁན་མང་པོ་ཡོད། ལྷུན་གྲུབ་རྫོང་ཐང་མགོ་ཤང་བཅོམ་མདོ་གྲོང་ཚོའི་བོད་གྲིར་ད་བར་གནའ་བོའི་ལག་ཤེས་བཟོ་རྩལ་རྒྱུན་འཁྱོངས་བྱས་ཡོད། ལྷུན་གྲུབ་རྫོང་ཕུ་མདོའི་གྲི་ནི་བོད་གྲི་གཞན་དང་མི་འདྲ་བར། བཟོ་རྩལ་བལྟོས་བཅས་ཀྱིས་སྟབས་བདེ་ལ། གྲི་ཡུ་དང་གྲི་ཤུབས་སྤྱིར་བཏང་ཡིན་ནའང་སྤྱོད་བདེ་བས་དགའ་པོ་བྱེད་མཁན་མང་པོ་ཡོད།

ཡིད་འོང་གི་བོད་གྲིའི་ཤིང་ཡུ་བཟོ་མཁན་དཀོན་མཆོག་ཉི་མས་གྲི་ཡུ་རྡར་བཞིན་པ།

    གཞིས་རྩེའི་ལྷ་རྩེ་དང་ལྷ་སའི་ལྷུན་གྲུབ་ཀྱི་བོད་གྲི་ཕུད། ད་དུང་རང་ལྗོངས་ཀྱི་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་ཡིད་འོང་གི་གྲི་ལའང་སྐད་གྲགས་ཆེན་པོ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཡིད་འོང་གི་བོད་གྲིར་ད་བར་ལོ་ངོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན།

    སྤོ་བོ་རྫོང་ཡིད་འོང་ཤང་དུ་2015ལོར་ཡིད་འོང་ཤང་ལྷ་དཀར་བོད་གྲིའི་བཟོ་རྩལ་ཞིང་འབྲོག་པའི་ཆེད་ལས་མཉམ་ཁང་ཞིག་བཙུགས་ཡོད། མཉམ་ལས་ཁང་དེ་བཙུགས་པ་ལས་ལྷ་དཀར་གྲོང་ཚོའི་བོད་གྲིའི་བཟོ་རྩལ་ཐོན་ཁུངས་ཁག་བསྡུ་སྒྲིལ་ཐུབ་པ་མ་ཟད། གྲོང་ཚོའི་ངལ་རྩོལ་ནུས་ཤུགས་ལྷག་མ་ལས་ཞུགས་ཐུབ་པའི་ཁར། ཇུས་འགོད་དང་། ཐོན་སྐྱེད། བྲིན་ཚོང་བཅས་གཞི་གཅིག་ཅན་གྱི་ཞབས་ཞུའི་ལས་སྟེགས་བཏོད་དེ་གཞི་ཁྱོན་ཅན་དང་ལེགས་བསྡུས་ཅན་གྱི་དོ་དམ་བྱེད་ཐབས་སྤྱད་ནས་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།