གུང་གཉིད་ཀྱིས་ཀླད་པ་རྒས་ཚད་ཇེ་དལ་དུ་གཏོང་ཐུབ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-05   རྩོམ་ཁུངས།    极地科普

    དབྱིན་ཇིའི་ལོན་ཏོན་སློབ་ཆེན་གྱིས་ཞིབ་འཇུག་བྱས་པ་བརྒྱུད་གསར་རྟོགས་བྱུང་བ་ལྟར་ན། གུང་གཉིད་ཀྱི་གོམས་གཤིས་ཡོད་པའི་མིའི་ཀླད་པ་དེ་བས་བདེ་ཐང་ཡིན་ལ། ཀླད་པའི་ཤོང་ཚད་ཀྱང་དེ་བས་ཆེ་བ་ཡོད་པས། དེས་ཀླད་པ་རྒས་ཚད་ལོ3ནས6གིས་ཕྱིར་བསྣུར་ནུས་པ་རྟོགས་ཐུབ། ཡིན་ནའང་གུང་གཉིད་སྐབས་སུ་གཉིད་ཡག་པོ་མ་ཁུགས་ན་མཇུག་འབྲས་དེ་ལས་ལྡོག་པ་ཡིན་སྲིད། ཉེ་ཆར། ཁོ་ལོམ་པུ་ཡའི《དུས་རབས་ཚགས་པར》སྟེང་རྩོམ་ཡིག་ཅིག་བཀོད་པ་ལྟར་ན་རྒྱུ་སྤུས་ལེགས་པའི་གུང་གཉིད་ལ་ངེས་པར་དུ་ཆ་རྐྱེན་གསུམ་ཚང་དགོས་པ་གཤམ་ལྟར།
1དུས་ཚོད་འདེམས་པ། 
ཕྱི་དྲོའི་ཆུ་ཚོད3གྱི་རྗེས་ནས་གཉིད་ན་མི་བཟང་སྟེ། དེ་ལྟར་བྱས་ན་མཚན་མོར་གཉིད་ལོག་པར་གནོད། པེ་ཅིན་ཀྲུང་ལུགས་གསོ་རིག་སློབ་ཆེན་ཏུང་ཀྲི་མོན་སྨན་ཁང་གི་ཀླད་ནད་ཚན་ཁག་གི་ཀྲུའུ་རེན་ཝན་ཞུས་ཧྥིང་གིས་གྲོས་གཞི་བཏོན་པ་ལྟར་ན། གུང་ཟས་རྗེས་ཀྱི་སྐར་མ20ཡས་མས་སུ་གུང་གཉིད་བྱེད་མགོ་བརྩམས་ན་ཁྲག་རླུང་ཕོ་བར་འདུས་ནས་འཇུ་བྱེད་ལ་ཕན་པ་དང་། གལ་ཏེ་གཉིད་མི་འོངས་ན། མིག་བཙུམས་ཏེ་ཁམས་གསོ་བྱས་ཀྱང་ཆོག
2ཁོར་ཡུག་བསྐྲུན་པ།

རབ་ཡིན་ན་ལྷིང་ཞིང་འཇགས་ལ་མུན་ནག་པ་དང་། དྲོད་ཚད་འོས་ཤིང་འཚམ་པ། མི་གཞན་གྱིས་བར་ཆད་མི་བྱེད་པའི་གནས་དབེན་པ་ཞིག་ཏུ་གཉིད་ན་བཟང་། ཝན་ཞུས་ཧྥིང་གིས་བཤད་རྒྱུར། གྲང་ཆེ་བ་དང་དྲོ་ཆེ་བ་གང་ཡིན་ཡང་མིའི་རྩི་ཤིང་དབང་རྩའི་བྱེད་ནུས་འཁྲུགས་ཏེ་ཁྲག་རྩའི་བྱེད་ནུས་ལ་གནོད་སྐྱོན་བཟོ་ལ། དེས་ཕྱོགས་གཅིག་ནས་མི་རྣམས་ཀྱི་གཉིད་ཤོར་བར་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཁྲག་རྩ་འཁུམས་རྗེས་མིའི་རྩི་ཤིང་དབང་རྩའི་བྱེད་ནུས་འཁྲུགས་ཏེ་ཁྲག་ཤེད་ཇེ་མཐོར་འགྲོ་བ་དང་། ཀླད་སྙིང་ཁྲག་རྩའི་ནད་སོགས་བསྐྱེད་པ་ཡིན། དེ་བས། གུང་གཉིད་བྱེད་ན་རང་ཉིད་ལ་དྲོད་གྲང་རན་པའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་གལ་ཆེ་ལ། དྲོད་ཚད22℃ནས26℃བར་ཡིན་ན་འོས་འཚམ་ཡིན། དྲོད་སྙོམ་འཕྲུལ་ཆས་དང་རླུང་འཁོར་ཡུན་རིང་བོར་སྤྱད་ན་མི་བཟང་། 

3དུས་ཡུན་ལ་ཚོད་འཛིན་བྱེད་པ། 

ཧན་ཞུས་ཧྥིང་གིས་བཤད་རྒྱུར། གུང་གཉིད་ཀྱི་དུས་ཡུན་རྒྱུན་པར་སྐར་མ30ཡས་མས་ཀྱི་རིང་ཡིན་ན་འགྲིག་ལ། སྐར་མ90ལས་བརྒལ་ན་གཟའ་ཕོག་པའི་ཉེན་ཁ་ཇེ་ཆེར་གཏོང་བ་དང་། དུས་ཚོད་གཉིས་ཡན་ལ་སླེབས་ན་ཧོན་ལོག་པའི་ཉེན་ཁ་ཇེ་ཆེར་གཏོང་བ་ཡིན།