ཞི་ཅིན་ཕིང་གིས་ཧང་ག་རིའི་ཙུང་ལི་དང་མཇལ་འཕྲད་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-09   རྩོམ་ཁུངས།    中央广播电视总台藏语广播

        ཟླ་7ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་ཏེའོ་ཡུས་ཐའེ་རྒྱལ་མགྲོན་ཁང་དུ་ཧང་ག་རིའི་ཙུང་ལི་ཨོའར་པན་དང་མཇལ་འཕྲད་གནང་བ་རེད།

        ཞི་ཅིན་ཕིང་གིས། ཟླ་བ་གཉིས་ཀྱི་གོང་། ང་རང་ནས་ཧང་ག་རིར་ལེགས་གྲུབ་ལྡན་པའི་ངང་རྒྱལ་དོན་འཚམས་འདྲི་ཞུས་ཤིང་། ང་ཚོས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཐོ་རུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་ད་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་75འཁོར་བར་ལོ་རྒྱུས་ཀྱི་དོན་སྙིང་གསར་པ་བསྣན་ཡོད་ལ་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཤུགས་ཆེན་བསྣན་ཡོད། གཟའ་འཁོར་རྗེས་མར། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། ཀྲུང་གོས་སྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དེས་ཀྲུང་གོ་དང་ཧང་ག་རིའི་མཉམ་ལས་ལ་གོ་སྐབས་གསར་པ་མཁོ་འདོན་དང་སྒུལ་ནུས་གསར་པ་བསྣན་རྒྱུ་རེད། ཕྱོགས་གཉིས་པོས་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། འཐབ་ཇུས་ཐད་ཀྱི་འབྲེལ་གཏུག་དང་རོགས་ལས་ཟབ་ཏུ་གཏོང་བ། ཕན་ཚུན་མུ་མཐུད་རྒྱབ་སྐྱོར་བརྟན་པོ་བྱེད་པ། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། སྤུས་ཚད་མཐོ་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བཅས་བྱས་ནས། ཀྲུང་གོ་དང་ཧང་ག་རིའི་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ནང་དོན་མུ་མཐུད་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་དགོས་ཞེས་བསྟན་གནང་ཡོད།

        ཞི་ཅིན་ཕིང་གིས། ཧང་ག་རིས་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བར་བཀྲ་ཤིས་བདེ་ལེགས་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཡོ་རོབ་དབར་ས་བབ་ཐད་ཀྱི་ཆབ་སྲིད་འགལ་བ་མེད་པ་དང་རྩ་བའི་ཁེ་ཕན་གྱི་འགལ་བ་མེད། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བར་འཐབ་ཇུས་ཀྱི་དོན་སྙིང་དང་འཛམ་གླིང་གི་ཤུགས་རྐྱེན་ལྡན་པས། བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཐུན་མོང་ཐོག་ཁ་གཏད་གཅོག་དགོས། སང་ལོ་ནི་ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་50འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་པོས་རོགས་ཟླའི་ངེས་གནས་ཡང་དག་པ་དང་མཉམ་ལས་ཀྱི་གཙོ་རྒྱུན་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་གཉིས་སྒོ་དབྱེར་མུ་མཐུད་སྐུལ་འདེད་གཏོང་བ་དང་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་དགོས། ཧང་ག་རི་ཕྱོགས་ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་མཉམ་འགུལ་བཟང་པོ་ཡོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་སྟོན་གནང་ཡོད།

        ཨོའར་པན་གྱིས། ཟླ་བ་གཉིས་ཀྱི་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ལེགས་པར་གནང་བ་རེད། ཟླ་བ་གཉིས་ཀྱི་རིང་། ཕྱོགས་གཉིས་པོས་ཐེངས་དེའི་འཚམས་འདྲིའི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་ནན་ཏན་དང་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་བཏང་ནས། ཧང་ག་རི་དང་ཀྲུང་གོའི་འབྲེལ་བ་འབྱུང་འགྱུར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔའི་ཟང་ཟིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ། ཀྲུང་གོས་ཞི་བདེར་དགའ་ཞེན་བྱེད་པ་མ་ཟད། དགེ་མཚན་ལྡན་པའི་གྲོས་འགོ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད་ཅིང་། རང་ཉིད་ཀྱི་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཀྲུང་གོ་ནི་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་བརྟན་པོ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ནུས་པ་དང་ཤུགས་རྐྱེན་ལ་ཚད་མཐོའི་བསྔགས་བརྗོད་དང་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཀྲུང་གོ་ཕྱོགས་དང་འཐབ་ཇུས་ཀྱི་འབྲེལ་གཏུག་དང་མཉམ་ལས་དམ་ཟབ་བྱེད་འདོད་ཡོད། ཧང་ག་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་པ་དང་། ཚོགས་པ་ཆུང་ཆུང་དང་དཔུང་ཁག་གི་འགྲན་རྒོལ་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ཡོ་རོབ་མནའ་འབྲེལ་གྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བ་གོ་སྐབས་སུ་བྱས་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་འདོད་ཡོད་ཅེས་གསུངས་ཡོད།

        ཕྱོགས་གཉིས་པོས་གཙོ་གནད་ཐོག་ཡུག་རེན་གྱི་ཉམས་ཉེན་ཐད་འབྲེལ་གཏུག་གཏིང་ཟབ་གནང་ཡོད། ཨོའར་པན་གྱིས་ཉེ་ཆར་ཡུག་རེན་དང་ཨུ་རུ་སུར་འཚམས་འདྲི་བྱས་པའི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཡོད། ཞི་ཅིན་ཕིང་གིས་ཨོའར་པན་ནས་ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པར་བསྔགས་བརྗོད་གནང་བ་དང་འབྲེལ། ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལྟ་ཚུལ་དང་འདོད་ཚུལ་རྒྱས་བཤད་གནང་བ་རེད།

        ཞི་ཅིན་ཕིང་གིས། སྔ་ཙམ་དམག་མཚམས་བཞག་ནས་ཆབ་སྲིད་ཐོག་ནས་གནས་ཚུལ་ཐག་གཅོད་བྱ་རྒྱུ་འཚོལ་ཞིབ་བྱ་རྒྱུ་དེ་ཕྱོགས་ཁག་གི་ཁེ་ཕན་དང་མཐུན་ཡོད། མིག་སྔའི་གཙོ་གནད་ནི་གཡུལ་ས་རྒྱ་མི་སྐྱེད་པ་དང་། དམག་འཁྲུག་རིམ་འཕར་མི་བྱེད་པ། ཕྱོགས་ཁག་གིས་ངན་སྐུལ་མི་བྱེད་པ་བཅས་རྩ་དོན་གསུམ་ལ་བརྩི་སྲུང་ཞུས་ནས། དུས་བབ་གང་མགྱོགས་ཞི་ལྷོད་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱོགས་གཉིས་པོས་ཐད་ཀར་སྐད་ཆ་ཤོད་རེས་དང་གྲོས་མོལ་སླར་གསོ་བྱེད་པར་ཆ་རྐྱེན་བསྐྲུན་པ་དང་རམས་འདེགས་བྱེད་དགོས། རྒྱལ་ཁབ་ཆེན་པོ་ཚང་མས་དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་བྱེད་པ་ལས་ལྡོག་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་མ་བྱས་ཚེ། གདོང་ཐུག་དེར་གཞི་ནས་དམག་མཚམས་འཇོག་རྒྱུའི་སྐྱ་མདའ་སྔ་ཙམ་ཐོན་ཐུབ། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་བྱ་ཐབས་ཐོག་ནས་ཁ་ཏ་བསླབ་བྱ་དང་ཞི་གྲོས་ལ་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་དང་། ཞི་བའི་ངང་ཉམས་ཉེན་ཐག་གཅོད་བྱ་རྒྱུར་ཕན་པའི་འབད་བརྩོན་མཐའ་དག་ལ་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཀྲུང་གོ་དང་ཧང་ག་རི་གཉིས་ཀྱི་གཞི་རྩའི་འདོད་ཚུལ་དང་འབད་བརྩོན་གྱི་ཁ་ཕྱོགས་གཅིག་མཐུན་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧང་ག་རི་ཕྱོགས་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་དང་མུ་མཐུད་འབྲེལ་གཏུག་རྒྱུན་འཁྱོངས་བྱེད་འདོད་ཡོད་ཅེས་ནན་སྟོན་གནང་ཡོད།

        ཝང་དབྱི་མཇལ་འཕྲད་ནང་ཞུགས་ཡོད་པ་རེད།