ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་བཤད་གནང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས8ཉིན་གྱི་ཕྱི་དྲོར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་དུ་ཕེབས་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་བརྟག་ཞིབ་གནང་སྐབས་གཞི་རིམ་བཅོས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་།ཞིང་ཆེན་ཨུ་ལྷན་གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན།རིམ་པ་རེ་རེ་བཞིན་འགན་འཁྲི་ནན་འཛིན།གཞི་རིམ་བཅོས་སྐྱོང་ལས་ཀ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བཅས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།

    སྡེ་བའི་ནང་དུ་ད་དུང་གནད་དོན་གང་དག་ཡོད་དམ།གཞི་རིམ་ཏང་རྩ་འཛུགས་ཀྱིས་ནུས་པ་འདོན་སྤེལ་ཇི་ལྟར་བྱེད་དགོས་བསམ་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་ཉི་ཤར་གྲོང་ཚོ་དང་བརྒྱ་མྱི་གྲོང་གྲོང་མིའི་ཚོགས་ཆུང་དུ་ལུའོ་ཁྲའོ་ཧྥེང་གིས་གནད་དོན་ཕྱོགས་སྟོན་དུ་བྱས་ཏེ་གཞི་རིམ་ལས་བྱེད་པ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ནས་ལམ་སྲོལ་འཛུགས་སྐྱོང་དང་འགལ་བ་དང་རྩོད་གཞི་སེལ་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཇི་ལྟར་བྱས་ཏེ་གཞི་རིམ་བཅོས་སྐྱོང་ལས་དོན་དེ་བས་ཏན་ཏིག་དང་ནུས་ལྡན་ངང་བསྒྲུབ་རྒྱུའི་ཐད་མཉམ་དུ་གྲོས་བསྡུར་གནང་བ་རེད།ཁུལ་དང་གྲོང་ཁྱེར་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་ལུའོ་ཁྲའོ་ཧྥེང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་ཡུལ་དངོས་སུ་བརྟག་ཞིབ་གནང་བ་རེད།

    ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་“དབང་རྩའི་མཇུག་སྣེ”ཡིན།རིམ་ཁག་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོ་འཁུར་བ་དང་གཞི་རིམ་བཅོས་སྐྱོང་གི་“ཨར་ལས་རུ་དཔོན”ཡག་པོ་བྱས་ནས་ལས་དོན་དེ་ཤང་དང་གྲོང་ཚོ་དང་མི་ཚང་མར་དོན་འཁྱོལ་ཐུབ་པ་བྱེད་དགོས།ཞེས་ནན་བཤད་གནང་བ་རེད་།“རྨང་གཞི་བརྟན་དུ་གཏོང་བའི”འདུ་འགོད་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་བཏང་སྟེ་དཔུང་ཁག་ཡག་པོ་འཛུགས་པ་དང་མང་ཚོགས་ལ་མཐུན་སྒྲིལ་བྱས་ནས་གཡུལ་ས་བརྟན་པོ་སྲུང་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ནུས་ལྡན་ཐབས་ལམ་རྒྱུན་ཆད་མེད་པར་གསར་གཏོད་བྱེད་པ་དང་རེ་ཞུ་དང་འགལ་བ་དང་རྩོད་གཞི་སྣ་ཚོགས་ཁྲིམས་ལྟར་ཚད་ལྡན་དང་ནུས་ཆེའི་ངང་ཐག་གཅོད་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས།རིམ་ཁག་ཏང་རྩ་འཛུགས་དང་དྲ་མིག་མི་སྣའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་མཉམ་སྐྲུན་མཉམ་སྤྱོད་བྱེད་དགོས་ཞེས་ནན་གྱིས་བསྟན།

    ལུའོ་ཁྲའོ་ཧྥེང་གིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ནི་སྤྱི་ཚོགས་བཅོས་སྐྱོང་གི་ཐོན་ཁུངས་བསྡུ་སྒྲིལ་དང་སྤྱི་ཚོགས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱེད་པའི་ལས་སྟེགས་གལ་ཆེན་ཞིག་རེད།ཐོན་ཁུངས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ཏེ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་གཡུལ་ས་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་གྲངས་གཞི་ཆེན་པོར་བརྟེན་ནས་ནུས་པ་སྦྱིན་ཏེ་འགལ་བ་སེལ་བ་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཐད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།གཞི་རིམ་གྱི་ལས་སྟེགས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས་སྟབས་བདེ་དང་བཀོལ་སྤྱོད་བྱེད་སླ་བ་བྱས་ཏེ་གཞི་རིམ་མང་ཚོགས་ལ་ཁུར་པོ་མི་བཟོ་བ་དང་ལས་སྟེགས་ཀྱིས་ཕན་འབྲས་ཆེ་ཤོས་འདོན་སྤེལ་ཐུབ་པའི་འགན་ལེན་བྱས་ནས་གཞི་རིམ་བཅོས་སྐྱོང་ལས་དོན་ལ་འདེགས་སྐྱོར་ནུས་ལྡན་བྱེད་དགོས་ཞེས་ནན་གྱིས་བསྟན།

    ཁུལ་གྱི་འགོ་ཁྲིད་ཁྲེན་ཆོན་དང་དབྱང་ཞུའེ་ཝུན་བརྟག་ཞིབ་ནང་ཞུགས་པ་རེད།