ཤོན་ཆས་ལ“མཁའ་འགྲོའི་རྒྱན་གོས”ཟེར་དོན་ཅི། སྒྲུང་སྙན་པོ་ཞིག་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-10   རྩོམ་ཁུངས།    西藏日报藏文媒体


        སྤུ་ཧྲེང་གི་ཤོན་ཆས་ནི་སྤུ་ཧྲེང་གི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་ཀྱི་མཚོན་རྟགས་ཤིག་རེད། ལོ་ངོ་བརྒྱ་ཕྲག་བརྒྱུད་རྗེས་ད་ཆ་ཤོན་ཆས་ཆ་ཚང་བ་30ཙམ་ཡང་ཟིན་གྱི་མེད་ཅིང་། ལོ་ལྟར་གྱི་དུས་ཆེན་དང་མཛད་སྒོ་གཟབ་རྒྱས་ཀྱི་སྐབས་སུ་གྱོན་སྲོལ་ཡོད། 
        སྤུ་ཧྲེང་གི་བུད་མེད་ཚོས་དུས་རྒྱུན་ཕྱུ་པ་རྒྱ་སྨུག་གམ་ནག་པོ་ཞིག་དང་མགོ་ལ་མཐའ་ཤན་དམར་སྨུག་གིས་བརྒྱན་པའི་སྣམ་བུའི་ཞྭ་མོ་སྒོར་མོ་ཞིག་གྱོན་པ་དང་། རྣ་ཅོག་ལ་བྱུ་རུ་དང་མུ་ཏིག་སོགས་སྟར་དུ་བརྒྱུས་པའི་རིང་ཚད་ལ་ལི་སྨི་བཅུ་ལྷག་ཙམ་ཟིན་པའི་རྣ་རྒྱན་འདོགས་པ་དང་རིང་ཤོས་ལ་ལི་སྨི་30ཙམ་ཟིན་གྱི་ཡོད། འདོགས་སྲོལ་དེ་རྨ་བྱ་ལ་ལད་མོ་བྱས་པའི་ཤོད་སྲོལ་ཡོད། 
ཤོན་ཆས་གྱོན་པའི་སྤུ་ཧྲེང་རྫོང་འཁོར་ཆགས་གྲོང་ཚོའི་བུད་མེད།
        ཤོན་ཆས་འདི་ནི་ལྷ་མོའི་འཁྲབ་གཞུང《ཆོས་རྒྱལ་ནོར་བཟང》ནང་གི་ཆོས་རྒྱལ་ནོར་བཟང་གི་བཙུན་མོ་ཡིད་འཕྲོག་ལྷ་མོ་ནམ་མཁར་འཕུར་བའི་གཏམ་རྒྱུད་དང་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། “མཁའ་འགྲོའི་རྒྱན་གོས”ཞེས་ཀྱང་འབོད། ཤོད་རྒྱུན་ལ་གནའ་བོའི་སྤུ་ཧྲེང་དུ་ཆོས་རྒྱལ་ནོར་བཟང་གིས་མཛེས་སྡུག་ལྡན་པའི་རྨ་བྱ་ཁ་འབབ་ཀྱི་འགྲམ་ལ་ཕོ་བྲང་ཡིད་དུ་འོང་བ་ཞིག་བཞེངས་པ་དང་། ཆོས་རྒྱལ་ནོར་བཟང་ལ་བཙུན་མོ་300ལྷག་ཙམ་བསུས་པའི་ཁྲོད་གཤིས་རྒྱུད་ཤིན་ཏུ་བཟང་བའི་བཙུན་མོ་ཞིག་ཡོད་པར་ཡིད་འཕྲོག་ལྷ་མོ་ཟེར། རྗེས་སུ་ཁོང་བཙུན་མོ་གཞན་གྱི་ཞེ་སྡང་དང་སྡུག་གཅོད་ལ་མ་བཟོད་པར། ཟླ་བ་ཉ་གང་བའི་མཚན་མོ་ཞིག་ལ་རྨ་བྱར་སྤྲུལ་ཏེ་མུ་ཁྱུད་ཀྱི་གངས་རིའི་ཕྱོགས་སུ་འཕུར་ནས་སྔོ་བསངས་ཀྱི་ནམ་མཁའི་དབྱིངས་སུ་ཡལ་བ་རེད། ཕྱིས་སུ་གཤིས་རྒྱུད་བཟང་བ་དང་རང་དབང་ལ་མོས་པའི་སྤུ་ཧྲེང་བ་ཚོས་མཛངས་མའི་ཡོན་ཏན་བརྒྱད་ཚང་བའི་བཙུན་མོ་དེར་དྲན་གསོ་ཞུ་ཆེད། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་ཕྱུ་པ་བཟོས་ཏེ་རྩ་ཆེའི་གཡུ་དང་། སྤོས་ཤེལ། མུ་ཏིག་སོགས་རིན་ཆེན་སྣ་ཚོགས་ཀྱིས་ཕྲ་རྒྱན་བཏབ་པའི་མཁའ་འགྲོའི་གྱོན་ཆས་འདི་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ཡོད།