ལུའོ་ཁྲའོ་ཧྥེང་གིས་དམངས་གཉེར་ཁེ་ལས་དང་དེ་བཞིན་ཤང་གྲོང་འཕྲོད་བསྟེན་ཁང་ལ་འཚམས་འདྲི་དང་བརྟག་ཞིབ་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-18   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ7པའི་ཚེས17ཉིན།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲེང་ཡུས་ཐེན་ཤང་འབྲི་གཡག་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་ཚད་ཡོད་ཀུང་སི། དེ་བཞིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་བསྐྱོད་དེ་ཁེ་ལས་དང་འཕྲོད་བསྟེན་ཁང་གི་འཕེལ་རྒྱས་དང་རེ་ཞུ་ལ་ཤེས་རྟོགས་དང་གཞི་རིམ་གྱི་བསམ་འདུན་ཉན་ནས་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་བརྒྱབ་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཧྲེང་ཡུས་ཐེན་ཤང་འབྲི་གཡག་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སིར་ལུའོ་ཁྲའོ་ཧྥེང་གིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ཁྲོམ་རའི་བྲིན་ཚོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཁེ་ལས་ལ་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནང་འཕྲད་པའི་དཀའ་གནད་བཀའ་འདྲི་ནན་ཏན་གནང་བ་རེད།ཁོང་གིས་བསྟན་དོན།ཀུང་སིས་འབྲི་གཡག་ཐོན་རྫས་ལས་སྣོན་དང་འབྲི་གཡག་རིག་གནས་ཟུང་འབྲེལ་དམ་ཟབ་བྱས་ཏེ་སེམས་ཀྱི་ཉི་ཟླའི་འབྲི་གཡག་རྟེན་རྫས་བཤམས་མཛོད་ཁང་བསྐྲུན་ནས་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་གཏོད་དགོས།གོམ་སྟབས་རྗེས་མར།ཁྲོམ་རའི་གོ་སྐབས་དམ་འཛིན་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོར་གཞི་ཚུགས་ནས་ཁྱད་ལྡན་ཡུལ་སྐོར་ལམ་ཐིག་དང་ཐོན་རྫས་གཏོད་པ་དང་བྲིན་ཚོང་བྱེད་སྟངས་གསར་གཏོད་དང་ལེགས་སྒྲིག་བྱས་ཏེ་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་དེ་དཔལ་འབྱོར་གྱི་ཕན་འབྲས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་དང་འབྲེལ་བ་ཡོད་པའི་སྲིད་ཇུས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་རྒྱུར་ཤུགས་སྣོན་བརྒྱབ་ནས་ཞབས་ཞུའི་ཕན་ནུས་ཆེ་རུ་གཏོང་བ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་སུ་བཏང་སྟེ་དམངས་གཉེར་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཀྲུང་ཧའོ་ཀྲུང་ལུགས་སྨན་རྒྱུ་ཚད་ཡོད་ཀུང་སིར་ལུའོ་ཁྲའོ་ཧྥེང་གིས་འདེབས་འཛུགས་རྟེན་གཞི་དང་ལས་སྣོན་བཟོ་གྲྭར་ཕེབས་ནས་ཡུལ་དངོས་སུ་ཀྲུང་ལུགས་སྨན་རྒྱུ་སྐྱེ་འཚར་དང་ལས་སྣོན་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་དང་ཚན་རྩལ་གླིང་ཁུལ་གྱིས་ཐོན་ལས་ཚན་རྩལ་གསར་གཏོད་དང་ལག་རྩལ་ཁྱབ་གདལ་དང་དེ་བཞིན་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ཀྱི་གྲུབ་འབྲས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།ཁོང་གིས་ནན་གྱིས་བསྟན་དོན།ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་ཁེ་ལས་འཕེལ་རྒྱས་གཏོང་བའི་འགག་རྩ་ཡིན་པས་ཚན་རྩལ་གླིང་ཁུལ་གྱི་སྟོབས་ཤུགས་ལ་གང་ལེགས་བརྟེན་ནས་ཀྲུང་ལུགས་སྨན་རྒྱུ་འདེབས་འཛུགས་དང་ལས་སྣོན་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱས་ཏེ་ཐོན་རྫས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཁེ་ལས་ཀྱི་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས།ཚན་རྩལ་ཅུས་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཚན་རྩལ་རྣམ་གྲངས་རེ་ཞུ་བྱ་རྒྱུའི་ཇུས་འགོད་ཧུར་ཐག་བྱེད་པ་དང་ཚན་རྩལ་འདུས་ཚད་མཐོ་རུ་བཏང་སྟེ་ས་མཐོའི་ཁྱད་ལྡན་ཀྲུང་ལུགས་སྨན་རྒྱུའི་ཐོན་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་དུ། ལུའོ་ཁྲའོ་ཧྥེང་སྨན་བཅོས་ཁང་དུ་ཕེབས་ནས་སྨན་པ་བསྟེན་མཁན་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་མང་ཚོགས་ཀྱི་སྨན་པ་བསྟེན་པའི་མྱོང་ཚོར་བཀའ་འདྲི་ཞིབ་ཕྲ་གནང་བ་དང་འབྲེལ་སྨན་དོན་མི་སྣར་འཕྲོད་བསྟེན་ཁང་གི་ཞབས་ཞུའི་ནུས་པ་དང་། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་།དཀའ་ངལ་ཡོད་པའི་གནད་དོན་སོགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་རེད།ཁོང་གིས་བསྟན་དོན།ཉེ་བའི་ལོ་ཤས་རིང་གཞི་རིམ་གྱི་སྨན་བཅོས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་ཡོད།“མཉེན་ཆས་”ཐད་ཤུགས་བརྒྱབ་ནས་སྨན་བཅོས་འཕྲོད་བསྟེན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པ་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས། ཁ་གཏད་རོགས་སྐྱོར་སྨན་ཁང་དང་འབྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་མང་ཚོགས་ཀྱི་བདེ་ཐང་ཞབས་ཞུའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་དགོས།

ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན།སེམས་ཀྱི་ཉི་ཟླའི་ཐོན་ལས་ཁུལ།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་པ་རེད།