རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས་པ།
ཀྲུང་གུང་ཀྲུང་དབྱང་གིས་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ།
ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་ཞུགས་པ།
■ ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ་གཏན་འབེབས་ཀྱང་བྱས་ཡོད། དེ་ནི་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་བསམ་གཞིག་བྱས་པ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་གོ་རིམ་ལྡན་པའི་ངང་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་ཆེད་རེད།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་ནན་ཧའེ་རུ་ཏང་ཕྱིའི་མི་སྣའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་ཐད་དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་ཉན་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་སྟེ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་གཏན་འབེབས་བྱས་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་འབྲེལ་གཏན་འབེབས་ཀྱང་བྱས་ཡོད། དེ་ནི་རྒྱང་ལམ་གསར་པར་ཏང་དང་རྒྱལ་ཁབ་ལ་འཕྲད་པའི་དུས་བབ་གསར་པ་དང་ལས་འགན་གསར་པར་དམིགས་ནས་བསམ་གཞིག་བྱས་པ་ཞིག་ཡིན་ཞིང་། དམིགས་ཡུལ་ནི་ཀྲུང་གུང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་གོ་རིམ་ལྡན་པའི་ངང་ཇུས་འགོད་དང་བཀོད་སྒྲིག་བྱས་ཏེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་སྒུལ་ཤུགས་ཆེན་པོ་དང་ལམ་ལུགས་ཀྱི་འགན་ལེན་མཁོ་འདོན་བྱེད་ཆེད་རེད་ཅེས་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཝང་ཧུའུ་ཉིང་དང་། ཚའེ་ཆི། ཏིང་ཤུའེ་ཞང་བཅས་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།
བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་དང་། ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཏིང་ཀྲུང་ལི། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཧའོ་མིང་ཅིན། ཀྲུང་གོ་དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གི་ཀྲུའུ་ཞི་ཚའེ་ཏ་ཧྥུང་། ཀྲུང་གོ་ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཧོ་ཝུའེ། ཀྲི་ཀུང་ཏང་ཀྲུང་དབྱང་གི་ཀྲུའུ་ཞི་ཅང་ཙུའོ་ཅུན། དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གི་ཀྲུའུ་ཞི་ཝུའུ་ཝུའེ་ཧྭ། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གི་ཀྲུའུ་ཞི་སུའུ་ཧུའེ། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི་ཕུའུ་ཧྲི་ལུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་རེད། ཁོང་ཚོས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས་མ་ཟིན་ལ་རྦད་དེ་མོས་མཐུན་ཡོད་ཅེས་གསུངས་པ་དང་། དེས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་བྱེད་ཐབས་གལ་ཆེན་ཚན་རིག་དང་མཐུན་པར་ཇུས་འགོད་བྱས་པ་དང་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པ་དང་ལོ་རྒྱུས་ཀྱི་ཁ་ཕྱོགས་གསར་པའི་ཐོག་གི་སྒྱུར་བཅོས་ཀྱི་མཛུབ་ཁྲིད་བསམ་བློ་དང་། དམིགས་ཚད་རྩ་དོན། གཙོ་གནད་ལས་འགན་སོགས་ཁ་གསལ་བཟོས་ཡོད་པས་རིགས་པའི་གཞུང་ལུགས་ཀྱི་དོན་སྙིང་དང་། ལག་ལེན་གྱི་དོན་སྙིང་། དུས་རབས་ཀྱི་དོན་སྙིང་བཅས་གལ་ཆེན་ལྡན་པའི་ངོས་འཛིན་གཅིག་མཐུན་གནང་བ་མ་ཟད། ད་དུང་དཔལ་འབྱོར་གྱི་གསོན་ཤུགས་འཕེལ་བར་བྱེད་པ་དང་། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་འཛུགས་པ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་སྒྱུར་བཅོས་ཟབ་གཏོང་། ཤེས་ལྡན་པ་གསོ་སྐྱོང་གི་སྒྲིག་སྲོལ་རང་བཞིན་གྱི་འགོག་རྐྱེན་སེལ་བ། ཚན་རྩལ་གསར་གཏོད་དང་འཚམ་པའི་ཚན་རྩལ་དངུལ་རྩའི་མ་ལག་འཛུགས་པ། གཞུང་ཁོངས་ཁེ་ལས་དང་དམངས་གཉེར་ཁེ་ལས་ཀྱིས་རོགས་ལས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་བསམ་འཆར་དང་གྲོས་འགོ་ཡང་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་ནན་ཏན་ངང་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་ལ་ཞིབ་འཇུག་བྱས་པར་ཀྲུང་གུང་ཀྲུང་དབྱང་གི་བསམ་གཞིག་དང་དེ་བཞིན་ཡིག་ཆ་ཟིན་འགོད་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཁོང་གིས་དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ནས་ཕྱོགས་གང་ཅིའི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་ནི་ཀྲུང་གུང་ཀྲུང་དབྱང་གིས་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཚོགས་འདུའི་ཡིག་ཆ་གལ་ཆེན་འགོད་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པའི་བྱེད་སྟངས་དང་སྲོལ་རྒྱུན་བཟང་པོ་ཞིག་རེད། ན་ནིང་གི་ཟླ་12པར། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ལ་མངགས་བཅོལ་བྱས་ནས། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གྲོས་གཞིའི་སྐོར་གྱི་ཏང་ཕྱིའི་མི་སྣའི་བསམ་འཆར་དང་གྲོས་འགོ་ཆེད་མངགས་བསྡུ་ལེན་བྱས་པ་རེད། ཚང་མས་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལག་ལེན་དང་ཉམས་མྱོང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་ཚད་དང་བརྩི་སྲུང་བྱེད་དགོས་པའི་རྩ་དོན་གལ་ཆེན། ཁྱབ་ཁོངས་ཁག་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་དམིགས་ཚད་ལས་འགན་དང་བྱེད་ཐབས་གལ་ཆེན། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་ཁྲོད་ཏང་ཕྱིའི་མི་སྣའི་ནུས་པ་གང་ལེགས་འདོན་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ། རིན་ཐང་ཡོད་པའི་བསམ་འཆར་དང་གྲོས་འགོ་མང་པོ་ཞིག་བཏོན་ཡོད། ད་གིན་གཏམ་བཤད་བྱེད་རིང་ཚང་མས་བསམ་འཆར་དང་གྲོས་འགོ་ཧ་ཅང་ཡག་པོ་བཏོན་སོང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད། ཁོང་གིས་ཀྲུང་གུང་ཀྲུང་དབྱང་གི་ཚབ་ཞུས་ནས་ཚང་མར་ཐུགས་རྗེ་ཆེ་ཞུས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་གནད་དོན་ལ་ཐད་ཀར་གདོང་གཏུག་དགོས། གནད་དོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གནད་དོན་གྱི་ཁྲིད་སྟོན་མངོན་གསལ་དོད་དུ་གཏོང་དགོས་ཤིང་། འཕེལ་རྒྱས་ཀྱི་དགོས་མཁོར་དམིགས་པ་དང་དམངས་སེམས་ཕྱོགས་སར་བསྟུན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི་འགག་གནད་དང་། སྤྱི་ཚོགས་ཀྱི་དྲང་གཞག་དྲང་བདེན་ལ་ཤུགས་རྐྱེན་ཐེབས་པའི་གླེང་མང་བའི་གནད་དོན། དམངས་འཚོའི་ཐད་ཀྱི་སྒྲུབ་དཀའ་བའི་གནད་དོན། ཏང་འཛུགས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན། ཁྱབ་ཁོངས་ཁག་གི་ཉེན་ཁའི་གནད་དོན་བཅས་ཐག་གཅོད་གང་ཐུབ་བྱས་ནས། སྒྱུར་བཅོས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། རྩ་ལག་ཟུང་བཅོས་དང་རྩ་བཅོས་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། མུ་མཐུད་དེ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། སྒྱུར་བཅོས་བྱེད་ཐབས་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་བྱེད་དགོས་པའི་མངོན་གསལ་དོད་པའི་གནད་དོན་ཐད་ཕྱོགས་ཡོངས་ནས་ཁྱབ་པར་བྱེད་དགོས་ལ། ཟབ་གཏོང་ཐད་མུ་མཐུད་སྟོབས་ཤུགས་དངོས་བཏོན་ནས་དཔལ་འབྱོར་སྒྲིག་སྲོལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ། སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་གཙོ་བོ་དང་གྲུབ་ཚུལ་རང་བཞིན་གྱི་འགལ་བ་སེལ་བར་ཤུགས་རྒྱག་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བར་ངེས་པར་དུ་ལྟ་བ་གཅིག་མཐུན་ཡོང་རྒྱུར་ཤུགས་རྒྱག་དགོས། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། བློ་ཁ་གཅིག་ལ་ཕྱོགས་པ་དང་སྟོབས་ཤུགས་གཅིག་སྒྲིལ་དགོས། བརྟག་དཔྱད་ཞིབ་འཇུག་དར་བར་བྱེད་པ་དང་། མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ། དགོས་མཁོ་དང་ཐབས་ཇུས་དམངས་ལ་འདྲི་བ། གཞི་རིམ་དང་མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་འཇོག་བྱེད་པ། མི་སེར་གྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་ཁྲོད་ནས་སྒྱུར་བཅོས་ཀྱི་ཤུགས་རྒྱག་ས་དང་འགག་གནད་སྒྲོལ་ས་གནད་སྨིན་འཚོལ་བར་མཐོང་ཆེན་བཅས་བྱས་ཏེ། མང་ཚོགས་ཀྱི་ཐོབ་སྣང་དང་མོས་སེམས་ཆེ་རུ་གཏོང་དགོས། དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་མཐའ་འཁྱོངས་ཀྱིས་སྒྱུར་བཅོས་ཐབས་ཇུས་ཀྱི་ཚན་རིག་རང་བཞིན་དང་སྒྱུར་བཅོས་དོན་འཁྱོལ་དང་ལག་བསྟར་བྱེད་ནུས་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་འཆར་འགོད་དང་སྐུལ་འདེད་གཏོང་བར་ངེས་པར་དུ་བརྒྱུད་རིམ་གྱི་འདུ་ཤེས་དང་སྤྱི་ཡོངས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། འཐབ་ཇུས་ཀྱི་བསམ་གཞིག་དང་རྩོད་སྒྲུབ་ཀྱི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ། གལ་ཆེ་ཆུང་དང་དལ་བྲེལ་གྱི་དབྱེ་བ་ཕྱེ་སྟེ། མ་ལག་འདུས་གྲུབ་ལ་སྔར་བས་མཐོང་ཆེན་བྱེད་དགོས། སྒྱུར་བཅོས་བྱེད་ཐབས་མཐུན་སྦྱོར་ཡོང་བ་དང་ལེ་ལག་ཚང་བར་ཤུགས་བརྒྱབ་སྟེ། ཁྱབ་ཁོངས་ཁག་དང་ཕྱོགས་ཁག་གི་སྒྱུར་བཅོས་བྱེད་ཐབས་ཀྱིས་ཕྱོགས་གཅིག་ལ་ཤུགས་རྒྱག་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས། འབྲེལ་ཡོད་ས་གནས་དང་། སྡེ་ཚན། ཁྱབ་ཁོངས་བཅས་ཀྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། རང་སྣང་གང་ཤར་དང་ཕན་ཚུན་རྙོག་འཁྲིལ་མ་བྱུང་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས།
ཞི་ཅིན་ཕིང་གིས་སྒྱུར་བཅོས་བྱེད་པར་འཆར་འགོད་ལ་མཐོང་ཆེན་བྱེད་དགོས་ལ་དོན་འཁྱོལ་ལ་དེ་བས་ཀྱང་དམ་འཛིན་ཡག་པོ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། སྲིད་དོན་ལས་རྗེས་ཀྱི་ལྟ་བ་ཡང་དག་འཛུགས་པ། དངོས་དོན་རྟོག་ཞིབ་དང་། ཐབས་ཇུས་དངོས་འདོན། ཕན་འབྲས་དངོས་དོན་གཉེར་བཅས་བྱས་ཏེ། ཕྱི་ཚུལ་རིང་ལུགས་སྔོན་འགོག་དང་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ་དང་། ཕྱིའི་རྣམ་པ་ཙམ་གྱི་ལས་གྲྭ་དང་མི་རྒྱུ་གཉིས་ཟད་ཀྱི་སྲིད་དོན་ལས་རྗེས་ཀྱི་ལས་གྲྭ་སྤེལ་བར་ནན་འགོག་བྱེད་དགོས། ལག་བསྟར་ཇུས་གཞི་ཡག་པོ་བཟོས་ནས་གནད་སྨིན་ཇུས་འདོན་དང་། དུས་ཐོག་དང་ཚད་རན་པོ་ཡོང་བར་བྱེད་པ། གང་ཐུབ་ཅི་ཐུབ་བྱེད་པ། ནུས་པས་ལྕོགས་ཚོད་སྒྲུབ་པ་བཅས་ལས་དོན་དངོས་དང་ཁ་མི་བྲལ་བར་བྱེད་དགོས། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱས་ཏེ། སྔོན་འཛུགས་རྗེས་གཏོར་ལ་མཐོང་ཆེན་བྱེད་པ་ལས་མ་བཙུགས་གོང་སྔོན་ལ་གཏོར་མི་རུང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། འགན་འཁྲི་ནན་དུ་དང་ཏན་ཏིག་ཏུ་གཏོང་བ། རིམ་ཁག་འགོ་ཁྲིད་ཚན་པ་དང་འགོ་ཁྲིད་ལས་བྱེད་པའི་སྒྱུར་བཅོས་དོན་འཁྱོལ་བྱེད་ནུས་དང་ཆུ་ཚད་མཐོར་གཏོང་བཅས་བྱས་ནས། ཏང་ཀྲུང་དབྱང་གི་སྒྱུར་བཅོས་ཀྱི་ཐབས་ཇུས་བཀོད་སྒྲིག་ནས་ཕན་འབྲས་དངོས་ཐོན་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བསྟན་གནང་བ་རེད།