ཞི་ཅིན་ཕིང་གིས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་གནང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-23   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

      

        ཟླ་7ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཡོལ་ཙམ་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཁང་དུ་ཕེབས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་20ཉིན་གྱི་ཕྱི་དྲོའི་ཆུ་ཚོད་4པ་ཡོལ་ཙམ་ལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཁང་དུ་ཕེབས་ནས་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་རོན་ཕུའུ་ཀྲུང་སྐུ་གཤེགས་པར་མྱ་ངན་ཞུས་གནང་བ་རེད།

        ཞི་ཅིན་ཕིང་ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཁང་གི་མྱ་ངན་ཞུ་སའི་ཚོམས་ཆེན་དུ་ཕེབས་ཤིང་། ཚོམས་ཆེན་ནང་དུ་རོན་ཕུའུ་ཀྲུང་གི་སྐུ་པར་བསྒྲིགས་ཡོད། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཀྱིས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་དང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད། ཀྲུང་དབྱང་ཕྱི་ཕྱོགས་འབྲེལ་གཏུག་པུའུ། ཕྱི་འབྲེལ་པུའུ། རྒྱལ་སྲུང་པུའུ། པེ་ཅིང་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་། འབྲེལ་ཡོད་མི་དམངས་ཚོགས་པ་བཅས་ཀྱིས་ཕུལ་བའི་འདས་མཆོད་མེ་ཏོག་ཕྲེང་བ་འདས་པོའི་སྐུ་པར་མདུན་དུ་བསྒྲིགས་ཡོད།

        ཞི་ཅིན་ཕིང་གིས་རོན་ཕུའུ་ཀྲུང་གི་སྐུ་པར་གྱི་མདུན་དུ་ཕེབས་ཏེ་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། སྐུ་པར་ལ་གུས་འདུད་ལན་གསུམ་ཞུས་པ་མ་ཟད། མྱ་ངན་ཞུ་དེབ་ཐོག་དྲན་འཆར་བྲིས་ནས་མཚན་རྟགས་ཀྱང་བཀོད་གནང་བ་རེད།

        ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན། བློ་མཐུན་རོན་ཕུའུ་ཀྲུང་ནི་བློ་བརྟན་འགྱུར་མེད་ཀྱི་མར་ཁེ་སི་རིང་ལུགས་པ་དང་ཝེ་ཐེ་ནམ་གུང་ཁྲན་ཏང་དང་ཝེ་ཐེ་ནམ་མི་དམངས་ཀྱི་འགོ་ཁྲིད་པ་རླབས་ཆེན་ཞིག་རེད། ཁོང་གིས་ཚེ་གང་གི་སེམས་ནུས་ཝེ་ཐེ་ནམ་གྱི་ཏང་དང་རྒྱལ་ཁབ་དང་། ཝེ་ཐེ་ནམ་གྱི་མི་དམངས། ཝེ་ཐེ་ནམ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་བཅས་ལ་ཕུལ་བར། ཝེ་ཐེ་ནམ་གྱི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་དམངས་བཅས་ཀྱི་བརྩི་བཀུར་དང་དགའ་གུས་ཟབ་མོ་ཐོབ་ཡོད། ལོ་བཅུ་ལྷག་ཙམ་རིང་། ང་དང་བློ་མཐུན་རོན་ཕུའུ་ཀྲུང་དབར་འགྲོ་འོང་ཟབ་མོ་བྱུང་ནས་བློ་མཐུན་གྱི་བརྩེ་དུང་ཟབ་མོ་ཆགས་སོང་། ལམ་ཚད་རྡོ་རིང་ལྟར་གྱི་དོན་སྙིང་ལྡན་པ་ཞིག་ནི། ན་ནིང་ང་ཚོས་མཉམ་དུ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དེ་ཡིན། བློ་མཐུན་རོན་ཕུའུ་ཀྲུང་སྐུ་གཤེགས་པ་ལས། ང་ཚོར་ཀྲུང་ཝེའི་འབྲེལ་བར་སྐུལ་འདེད་གཏོང་མཁན་དང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལམ་རོགས་པ་ཞིག་མེད་པར་ཆགས་པས་ང་ཚོར་སེམས་སྡུག་ཧ་ཅང་ཆེན་པོ་བྱུང་། བློ་མཐུན་རོན་ཕུའུ་ཀྲུང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལས་འགུལ་བྱ་གཞག་ལ་ཕུལ་བའི་ཕུལ་བྱུང་ལེགས་སྐྱེས་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་ཀྱི་ཡིན།

        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཝེ་ཐེ་ནམ་གུང་ཁྲན་ཏང་གིས་ཝེ་ཐེ་ནམ་གྱི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་བསྐྱོད་རྒྱུ་ཡིན་པར་ཀྲུང་གོའི་ཏང་དང་སྲིད་གཞུང་གིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཝེ་ཐེ་ནམ་མི་དམངས་ཀྱིས་སྡུག་བསྔལ་སྟོབས་ཤུགས་སུ་འགྱུར་བར་བྱས་ནས་གསར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་དུ། དེ་བས་ཆེ་བའི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་གཏོད་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད་ལ། ཀྲུང་ཝེ་ཕྱོགས་གཉིས་པོས་མུ་མཐུད་ཐུན་མོང་ཐོག་འབད་བརྩོན་བྱས་ནས། ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་གཏིང་ཟབ་དང་ཏན་ཏིག་ཕྱོགས་སུ་འཛུགས་པར་སྐུལ་འདེད་གཏོང་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད།

        ཀྲུང་གོར་བཅའ་སྡོད་ཝེ་ཐེ་ནམ་གྱི་གཞུང་ཚབ་ཆེ་མོ་བ་ཧྥན་ཤིང་མའེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མྱ་ངན་ཞུ་བར་ཕེབས་པ་དང་ཀྲུང་གུང་ཀྲུང་དབྱང་གིས་འཕྲལ་མར་ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་ལ་མྱ་ངན་ཞུ་བའི་གློག་འཕྲིན་བཏང་བ་དེ་ཐོག་ནས། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་པ་མཚོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་རོན་ཕུའུ་ཀྲུང་ལ་དམིགས་བསལ་གྱི་བརྩེ་དུང་འཆང་ལུགས་མཚོན་པ་དེ་ལས་ཝེ་ཐེ་ནམ་ཕྱོགས་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། དེའི་ཐད་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་གི་ཡིན། བློ་མཐུན་རོན་ཕུའུ་ཀྲུང་སྐུ་འཚོ་བཞུགས་སྐབས་ཝེ་ཀྲུང་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ནས་ཝེ་ཀྲུང་མཛའ་གྲོགས་ཟབ་ཏུ་གཏོང་ཆེད་ཐུགས་ནུས་ཧ་ཅང་ཆེན་པོ་བཏོན་གནང་ཡོད་ལ། ལེགས་སྐྱེས་ཀྱང་ཧ་ཅང་ཆེན་པོ་ཕུལ་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་བློ་མཐུན་རོན་ཕུའུ་ཀྲུང་སྐུ་འཚོ་བཞུགས་སྐབས་ཀྱི་ཕུགས་འདུན་རྒྱུན་འཛིན་བྱས་ཏེ། ཝེ་ཀྲུང་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་དབར་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་ཆབས་ཅིག ཝེ་ཀྲུང་དབར་གྱི་མཛའ་གྲོགས་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཝེ་ཐེ་ནམ་གྱི་ཕྱི་ཕྱོགས་སྲིད་ཇུས་ཀྱི་འཐབ་ཇུས་གདམ་ག་དང་དོན་ཆེན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཝེ་ཀྲུང་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་གི་ཡིན་ཞེས་གསུངས་པ་རེད།

        ཚའེ་ཆི་དང་ཝང་དབྱི་སོགས་མྱ་ངན་ཞུ་བའི་བྱེད་སྒོར་ཞུགས་པ་རེད།