ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་བདེ་ཆེན་ཁུལ་གྱི་ཏང་ཡོན་ལས་བྱེད་པའི་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-07-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ7ཚེས15ཉིན་ནས་ཚེས18ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིན་དུ་འཚོགས་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བར་འཕྲད་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་དམིགས་ནས་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་སྤྱི་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པར་རྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སྤེལ་རྗེས་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དུས་ཐོག་ཏུ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་འབྲེལ་གྲོས་བསྡུར་འཁྲུག་པོ་ཡང་བྱས་པ་རེད། ཚང་མས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞི་དམ་འཛིན་ནན་པོ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལེའུ་ཡག་པོ་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ད་ལོ་ནས་བཟུང་བདེ་ཆེན་ཁུལ་གྱིས་ཞིང་ཨུའི“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཚད་དང་“མཐའ་ཚད་སྲུང་བ་དང་། འདེགས་སྐྱོར་བརྟན་པོ། སྒུལ་ཤུགས་ཆེར་གཏོང་། སྐས་རིམ་དུ་སླེབས་པ”་བཅས་ཀྱི་དཔལ་འབྱོར་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ་དང་འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་བཏང་སྟེ་དཀའ་གནད་ཁྲོད་མདུན་སྐྱོད་དོན་གཉེར་དང་། སྒྲུབ་པའི་ཁྲོད་མདུན་སྐྱོད་དོན་གཉེར། འགྱུར་བའི་ཁྲོད་མདུན་སྐྱོད་དོན་གཉེར། བརྟན་པོའི་ཁྲོད་ཡར་རྒྱས་བརྩོན་ལེན་བཅས་རྒྱུན་འཁྱོངས་བྱས་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།

“2035ལོར་སླེབས་དུས་ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་སྔར་ལས་འཐུས་སྒོ་ཚང་བ།རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་གཞི་རྩའི་ཆ་ནས་དེང་རབས་ཅན་དུ་འགྱུར་བ།སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བཅས་བྱས་ཏེ་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་དུས་སྤྱི་ཚོགས་རིང་ལུཊ་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་ཐུབ་པར་རྨང་གཞི་བརྟན་པོ་འདིང་དགོས།” ཁུལ་ཨུའི་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆབ་སྲིད་ཞིབ་འཇུག་བསྒྱུར་བཅོས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཧོ་ལི་ཧྲེང་གིས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་འཚོགས་པར་དུས་རབས་འབྱེད་པའི་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད་ཅེས་བཤད་པ་རེད།ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཏེ་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཨུ་ལྷན་གྱི་བསྒྱུར་བཅོས་ཕྱོགས་ཡོངས་ནས་ཟབ་སྤེལ་སྔར་ལས་ལྷག་པར་བྱེད་པའི་ཐབས་ཇུས་དང་བཀོད་སྒྲིག་གསར་ཤོས་ཀྱི་རྗེས་སུ་དམ་པོར་འབྲང་བ། བདེ་ཆེན་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ”གཙོ་རྐང་དུ་བྱས་ཏེ་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་ཀྱི་“དོན་ཆེན་བཞི་”ལ་དམིགས་ནས། 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཆོད་དོན།》ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱས་ཏེ་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་‘གཅོད་ཁ་ཆུང་ངུའི’སྒྱུར་བཅོས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་ཚོད་འཛིན་བཟོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དཀའ་གནད་དང་འགག་གནད་བཅས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་རྒྱུན་ཆད་མེད་པར་བསྣན་རྒྱུ་ཞེས་བཤད་པ་རེད།

ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱིས་རིག་གནས་ཡུལ་སྐོར་ཐོན་ལས་དེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་གཙོ་བོར་བརྩིས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ་རེད། ན་ནིང་རང་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2522ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་299.64མངོན་འགྱུར་བྱུང་ཡོད། རིག་གནས་ཡུལ་སྐོར་ཐོན་ལས་དེ་བདེ་ཆེན་ཁུལ་གྱིས་ཚབ་བྱེད་ཐབས་བྲལ་བའི་ཀ་རྟེན་ཐོན་ལས་དང་དམངས་ཕྱུག་ཐོན་ལས་སུ་གྱུར་ཡོད།

“ངེས་པར་དུ་ཚོང་རའི་ནང་རྐྱེན་གྱི་ནུས་པ་འདོན་སྤེལ་སྔར་ལས་ལྷག་པར་བྱེད་པ་དང་། སྔར་ལས་དྲང་སྙོམས་དང་སྔར་ལས་གསོན་ཤུགས་ལྡན་པའི་ཚོང་རའི་ཁོར་ཡུག་གསར་སྐྲུན་བྱས་ཏེ། ཐོན་ཁུངས་བཀོད་སྒྲིག་གི་ལས་ཆོད་ཆེས་ལེགས་སྒྱུར་དང་ཕན་འབྲས་ཆེས་ཆེ་ཐོབ་པར་བྱེད་པ་དང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་དང་ཚོང་རའི་ནུས་པ་ཤོར་བར་ཁ་གསབ་སྔར་ལས་ལྷག་པར་བྱེད་པ།རྒྱལ་དམངས་དཔལ་འབྱོར་འཁོར་རྒྱུག་ཤར་བགྲོད་ཐུབ་པ། སྤྱི་ཚོགས་ཡོངས་ཀྱི་ནང་སྐྱེས་སྒུལ་ཤུགས་དང་གསར་གཏོད་གསོན་ཤུགས་སྐུལ་སློང་བཅས་བྱ་དགོས།”བདེ་ཆེན་ཁུལ་ཡུལ་སྐོར་མཐུན་ཚོགས་ཞག་སྡོད་ལས་རིགས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་ཧོ་ལི་སུང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད་ང་ལ་ངར་ཤུགས་ཆེན་པོ་འཕེལ་བྱུང་། སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་ང་ཚོར་སྤྱིའི་དམིགས་འབེན་གསལ་པོར་བསྟན་པ་དང་། བསྒྱུར་བཅོས་བྱེད་ཐབས་རྒྱུད་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཡོད། ངས་བལྟས་ན་སླད་ཕྱིན་བདེ་ཆེན་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་ལས་དོན་དངོས་ནང་རིག་གནས་ཡུལ་སྐོར་ལས་རིགས་ཀྱི་དོ་དམ་པ་དང་།མ་འཇོག་བྱེད་མཁན།གཉེར་སྐྱོང་བྱེད་མཁན།ལས་གཉེར་བྱེད་མཁན་བཅས་ཀྱིས་“ལྷུག་ཏུ་གཏོང་ཐུབ་པ”དང་“དོ་དམ་བྱེད་ཐུབ་པའི”་དོན་སྙིང་ནན་ཏན་ངང་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་ཞིབ་ཕྲའི་ལས་ཀའི་བྱ་ཐབས་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བདེ་ཆེན་ཁུལ་གྱིས་“སྣོད་བཅུད་ལ་བརྟེན་ནས་ཁུལ་འཛུགས་པའི་”འཐབ་ཇུས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱས་པས་བདེ་ཆེན་གྱི་ས་གཞི་ཆེན་པོའི་ནམ་མཁའ་དེ་བས་སྔོ་བ་དང་། རི་བོ་དེ་བས་སྔོ་བ།ཆུ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པ་བཅས་ཡིན་པས་ལྗང་མདོག་ནི་བདེ་ཆེན་མཐོ་སྒང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཁ་དོག་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན།”པདྨ་རི་བོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུང་ཤིན་ཧྭ་ཡིས་སྲུང་སྐྱོང་ཁུལ་གྱིས་ཞི་ཅིན་ཕིང་གི་སྣོད་བཅུད་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་ལོ་40ཡི་རིང་ཡུན་ནན་སྤྲེའུ་སྤུ་སེར་དང་དེའི་འཚོ་གནས་ཁུལ་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་ས་ཁོངས་ནང་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཡུན་ནན་སྤྲེའུ་སྤུ་སེར་གྱི་སྐྱེ་དངོས་རིགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲུང་སྐྱོང་ཁུལ་དང་དེ་བཞིན་མཐའ་འཁོར་གྱི་ཡུན་ནན་སྤྲེའུ་སྤུ་སེར་གྱི་རིགས་ཁྱུ་14ལ་དྲ་མིག་ཅན་དང་།ཚན་རིག་ཅན།ཚད་ལྡན་ཅན་བཅས་ཀྱི་ལྟ་ཞིབ་ཚད་ལེན་ལག་བསྟར་བྱས་ཏེ་ནམ་མཁའ་དང་ས་གཞི་གཞི་གཅིག་ཅན་གྱི་བློ་གྲོས་སྲུང་སྐྱོང་ཁུལ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་རྒྱུ།སྲུང་སྐྱོང་ཁུལ་གྱི་ཐོན་ཁུངས་ལ་བརྟག་དཔྱད་བྱེད་པ་དང་སྐོར་སྲུང་ཆེན་པོ་གསུམ་བྱེད་ཤུགས་ཆེ་རུ་བཏང་ནས་སྡེ་ཁུལ་དོ་དམ་མཉམ་བྱེད་ཀྱི་དཔེ་སྟོན་འཛུགས་སྐྱོང་སྔར་བས་ཡག་པོ་བྱེད་པ་དང་ཕྱི་ཕྱོགས་དང་སྤེལ་རེས་མཉམ་ལས་ཀྱི་སྟེགས་བུ་བཏོད་དེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་འཛམ་གླིང་གི་པདྨ་རི་བོ་མཉམ་སྐྲུན་བྱེད་དགོས་ཞེས་གསུངས་པ་རེད།

    ཉེ་བའི་ལོ་ཤས་རིང་བདེ་ཆེན་ཁུལ་གྱིས་བློ་བརྟན་འགྱུར་མེད་ངང་དམངས་འཚོ་འགན་ལེན་དང་ལེགས་སུ་བཏང་ནས་ཞིང་པའི་འབབ་འཕར་དང་དམངས་འཚོ་ལེགས་སུ་གཏོང་བའི་“ལེའུ་གཉིས་”ཡག་པོ་བྲིས་པས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

“སྔར་ལས་ལྷག་པར་ཕྱོགས་ཡོངས་ནས་བསྒྱུར་བཅོས་ཟབ་སྤེལ་བྱེད་པར་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཀྱིས་སྣེ་ཁྲིད་པ་དང་།སྤྱི་ཚོགས་དྲང་སྙོམས་དྲང་བདེན་ཡོང་བར་སྐུལ་འདེད་དང་།མི་དམངས་ཀྱི་བདེ་སྐྱིད་ཇེ་ཆེར་གཏོང་རྒྱུ་འགོ་རྩོམ་ས་དང་རྐང་པ་འཛུགས་སར་བྱ་དགོས།”འབའ་ལུང་རྫོང་མི་དམངས་སྨན་ཁང་གི་ཀྲི་པུའུ་བཞི་པའི་ཏང་ཡོན་ཡུས་ཏན་གྱིས་ཏང་ཡོན་ཞིག་དང་སྨན་དོན་ལས་དོན་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་དམངས་འཚོའི་བདེ་སྐྱིད་སེམས་ནང་བརྟན་པོར་ངེས་ནས་“ཚེ་སྲོག་བླ་ན་མེད་པ་དང་སྤུས་ཚད་ཨང་དང་པོར་འཇོག་པའི”འདུ་ཤེས་བཙུགས་ཏེ་ཚད་མཐོའི་འགན་འཁྲིའི་བསམ་པ་དང་གཟབ་ནན་གྱི་ལས་ཀའི་སྤྱོད་ཚུལ་དང་རྩེར་སོན་གྱི་སྨན་བཅོས་ལག་རྩལ་ལ་བརྟེན་ནས་མི་དམངས་བློ་བདེ་པོ་དང་སྤྱི་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་གྱི་དེང་རབས་ཅན་ཡིན།”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱ་ལམ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཝང་ཡོན་གྱིས་སྒྱུར་བཅོས་དང་འཕེལ་རྒྱས་བཏང་བ་བརྒྱུད་ང་ཚོས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་།ཞིང་པའི་དཔེ་དེབ་ཁང་། ཚིག་ཇ་ཁང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་ཁང་སོགས་ཀྱི་གཡུལ་ས་གང་འགབ་ཅི་སྤྱོད་བྱས་པ་དང་།མི་རིགས་མཐུན་སྒྲིལ་གྱི་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས་རིག་གནས་ཀྱི་གསོན་ཤུགས་བསྣན་ཡོད་ལ་མང་ཚོགས་ཀྱི་“བསམ་པའི་རྒྱགས་ཕྱེ”ཡང་ཕུན་སུམ་ཚོགས་སུ་བཏང་བས་སྡེ་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུར་ཕན་འབྲས་གསར་བ་ཐོན་པ།ཡུན་ནན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་སྡེ་ཁུལ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཏང་གི་གསུང་སྒྲ་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་སྤྲོད་བྱ་རྒྱུ་ཡིན།དེ་དང་ཆབས་ཅིག་སྡེ་ཁུལ་ནང་གི་གསར་བརྗེའི་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་མཚོན་སྐྱེད་སྲིང་དང་སྔོག་འདོན་གཏིང་ཟབ་བྱས་ཏེ་བྱེད་སྒོ་སྣ་ཚོགས་གསར་གཏོད་དང་གསོན་ཉམས་ལྡན་པའི་ངང་སྤེལ་ནས་མི་རིགས་ཁག་ནི་ཁྱིམ་ཚང་གཅིག་གི་མི་ཡིན་པའི་ཞི་མཐུན་གྱི་རྣམ་པ་ཞིག་བཏོད་དེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དེ་བས་མི་སེམས་སུ་ཟུག་པ་བྱས་ཡོད་ཅེས་བཤད་པ་རེད།

    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་ཨན་ལི་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཀྲོའུ་ཞའོ་ཏན་གྱིས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཞིག་ཡིན་པའི་ངོས་ནས་ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཤེས་བྱ་གསར་པ་དང་རྩལ་ནུས་གསར་པ་རྒྱུན་ཆད་མེད་པར་སློབ་སྦྱོང་བྱས་ནས་རང་ཉིད་ཀྱི་ཕྱོགས་བསྡུས་བྱང་ཚད་དང་ནུས་པའི་ཆུ་ཚད་མཐོ་རུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ནང་བྱས་རྗེས་འཇོག་གང་ཐུབ་བྱས་ཏེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་པ་རེད།