ལོ་སྟོད་དུ་བདེ་ཆེན་གྱི་ཡུལ་སྐོར་འབར་གས་རྣམ་པའི་སྒོས་འཕར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    2024ལོའི་ལོ་སྟོད་དུ། བདེ་ཆེན་གྱི་ཡུལ་སྐོར་འབར་གས་རྣམ་པའི་སྒོས་འཕར་ཏེ། བསྡོམས་རྩིས་བྱས་པར་གཞིགས་ན་ཟླ་བ་1པོ་ནས་ཟླ་བ་6པའི་བར་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1251.71ལ་སྣེ་ལེན་ཞུས་པ། དེ་དུས་མཚུངས་ལས་24.27%འཕར་བ་དང་2019ལོའི་དུས་མཚུངས་ལས་35%འཕར་ཡོད། འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་སྔོན་ལ་སླེབས་ཡོད། དེ་དང་ཆབས་ཅིག་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་ཀྱང་མཆོང་སྐྱོད་ལྟ་བུའི་འཕར་སྣོན་བྱུང་ནས་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་148.66ཟིན་པ་དེ་དུས་མཚུངས་ལས་34.84%འཕར་བ་དང་2019ལོ་ལས་57%འཕར་ནས་འཕར་ཚད་ཀྱང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།
    བདེ་ཆེན་ཁུལ་གྱིས་《བདེ་ཆེན་གྱི་རིག་གནས་དང་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་(2024-2026)》ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱས་པའི་རྒྱབ་ལྗོངས་འོག "དུས་ཚིགས་རེར་བརྗོད་བྱ་གཙོ་བོ་ཡོད་པ་དང་ཟླ་རེར་བྱེད་སྒོ་ཡོད་པ། གཟའ་འཁོར་རེར་ལེ་ཚན་ཡོད་ལ་ཉིན་ལྟར་བཀྲག་མདངས་འཚེར་ས་ཡོད་པའི་"ལྟེ་བའི་འདུ་ཤེས་ལ་བརྟེན་ནས་སྣ་མང་ཕུན་སུམ་ཚོགས་པའི་དུས་སྟོན་བྱེད་སྒོ་བརྒྱུད་ཡུལ་སྐོར་བའི་ཡུལ་སྐོར་མྱོང་ཚོར་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། བདེ་ཆེན་ཁུལ་གྱི་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཧ་ཅང་ཆེ་རུ་ཕྱིན་ཡོད།
    ལོ་འགོ་ནས་ལོ་དཀྱིལ་བར་བདེ་ཆེན་ཁུལ་གྱིས་ཟླ་རེར་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་རིག་གནས་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱས་ཏེ། ཟླ་བ་དང་པོའི་ནགས་ཕག་མཚོ་འགྲམ་དུ་སྐབས་དྲུག་པའི་རྒྱལ་སྤྱིའི་བྱ་གཟིགས་དུས་ཆེན་གྱིས་ལོ་ཧྲིལ་པོའི་ཡུལ་སྐོར་བྱེད་སྒོའི་འགོ་ཚུགས་པ་དང་གོ་ལ་ཧྲིལ་པོའི་བྱ་གཟིགས་ལ་དགའ་པོ་བྱེད་མཁན་གྱི་མིག་དབང་འཕྲོག་པ། ཟླ་བ་གཉིས་པའི་རྡོ་མཁར་རྫོང་དུ་དཔྱིད་གསར་དུས་ཆེན་གྱི་རིག་གནས་དམངས་ཕན་བྱེད་སྒོས་ཡུལ་སྐོར་བར་དུས་ཆེན་གྱི་རྣམ་པ་ཟབ་མོའི་ཁྲོད་མི་རིགས་མང་པོའི་རིག་གནས་མཉམ་འདྲེས་དང་གདོང་གཏུག་མྱོང་ཚོར་ཐུབ་པ་བྱས་ཡོད། ཟླ་བ་གསུམ་པའི་སྟོན་པའི་རིག་གནས་ཡུལ་སྐོར་དུས་ཆེན་གྱིས་ཡུལ་སྐོར་བ་ཚོར་འཇང་རིགས་ཀྱི་གཏིང་ཟབ་པའི་རིག་གནས་ཀྱི་ནང་དོན་དང་བར་ཐག་ཉེ་སར་འབྲེལ་གཏུག་དང་ཉམས་ལེན་བྱེད་དུ་བཅུག་པ། ཟླ་བ་བཞི་པའི་མེ་ཏོག་བཞད་པའི་དུས་ཚིགས་སུ་སེམས་ཀྱི་ཉི་ཟླའི་རི་མཐོའི་རྩི་ཤིང་ལྡུམ་རའི་མེ་ཏོག་གི་ཡུལ་སྐོར་བྱེད་སྒོས་ཡུལ་སྐོར་བར་མཐོང་ཚོར་དང་སེམས་ཀྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམས་པ། ཟླ་བ་ལྔ་པའི་འབའ་ལྷག་དཀར་རྫོང་གངས་རིའི་རོལ་དབྱངས་དུས་ཆེན་གྱིས་རོལ་དབྱངས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་སྤྲོ་སེམས་དང་ཕུགས་འདུན་མཚོན་པར་བྱས་པ། ཟླ་བ་དྲུག་པའི་ཡུན་ནན་གྱི་དམངས་གཞས་ཚང་མས་ལེན་པའི་བདེ་ཆེན་གྱི་ཆེད་དོན་གླུ་གཞས་བཏང་ནས་གླུ་སྒྲ་སྨྱན་སྦྱོར་དུ་བྱས་ཏེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་བ་རེད།
    སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སེམས་ཀྱི་ཉི་ཟླ་ནས་འབའ་ལུང་བར་དང་འབའ་ལུང་ནས་འཇོལ་བར་གྱི་རིམ་པ་གཉིས་པའི་གཞུང་ལམ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ནས་འདབ་པའི་ཉིང་སྟེང་བར་གྱི་རིམ་པ་དང་པོའི་གཞུང་ལམ་དང་དེ་བཞིན་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་སྔ་རྗེས་སུ་ཤར་གཏོང་ཐུབ་པ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་གཞུང་ལམ་དང་། ལྕགས་ལམ། དམངས་སྤྱོད་མཁའ་འགྲུལ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་དེང་རབས་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་བསྐྲུན་ཡོད། ལྷག་པར་དུ་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ་དེས་ཡུལ་སྐོར་བར་དེ་བས་སྟབས་བདེ་དང་སྐྱིད་སྣང་དོད་པའི་ཕྱིར་སྐྱོད་བྱེད་སྟངས་མཁོ་འདོན་བྱས་ཡོད། ཟླ་7་པར་སླེབས་སྐབས་"དབྱར་ཁའི་གུང་གསེང་"གི་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་རླབས་རིམ་གྱིས་འཕྱུར་བ་དང་བདེ་ཆེན་གྱིས་ཀྱང་དབྱར་ཁའི་གུང་གསེང་གི་ཡུལ་སྐོར་སྤྲོ་འཆམ་གྱི་ཚ་རླབས་བསུས་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན་ཟླ་7པའི་ཚེས་1ཉིན་ནས་ཚེས་21ཉིན་བར་ཁུལ་ཡོངས་ཀྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་177ལ་སྣེ་ལེན་ཞུས་པ་དང་རྡོ་མཁར་རྫོང་ཕུད་པའི་Aརིམ་པའི་མཛེས་ལྗོངས་ཁུལ་གཞན་16ལ་ཉིན་རེར་སྣེ་ལེན་བྱེད་ཚད་མཐོ་ཤོས་མི་ཐེངས་ཁྲི་5.5ལོན་ཡོད་པ་རེད།
    ཡིད་དབང་འཕྲོག་ཤུགས་ཀྱིས་ཁེངས་པའི་དབྱར་དུས་དེར་བདེ་ཆེན་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་སྔར་བྱུང་མྱོང་མེད་པའི་གསོན་ཤུགས་དང་མི་མངོན་པའི་སྟོབས་ཤུགས་མངོན་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་རྒྱུའི་ཡིད་དབང་བཀུག་ནས་འཛམ་གླིང་གི་"སེམས་ཀྱི་ཉི་ཟླའི"་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མཉམ་དུ་ཉམས་ལེན་བྱས་པ་རེད།