ཤྭ་ཁ་རི་བོ་མཛེས་ལྗོངས་ཁུལ་དུ་བསྐྱོད་པའི་སྤྲོ་སྣང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


    སེམས་ཀྱི་ཉི་ཟླ་ནས་ལོ་མང་རིང་འཚོ་བ་རོལ་ནས་རྡོ་མཁར་རྫོང་གི་རྒྱབ་ཕྱོགས་ན་ལྷུན་ཆགས་ཀྱིས་འགྱིང་བའི་ཤྭ་ཁ་རི་བོ་དེ་མིག་ལམ་དུ་མཐོང་ཐེངས་ཤིན་ཏུ་མང་ནའང་།  ང་ལ་མཚོན་ན་རྒྱུ་རྐྱེན་གང་མང་གི་དབང་གིས་མཛེས་ལྗོངས་ཁུལ་དེ་ལ་འགྲོ་རྒྱུའི་གོ་སྐབས་མ་བྱུང་།    སྔར་ནས་རི་བོ་འདིའི་ཉེ་འཁོར་དུ་གདོད་མའི་ནགས་ཚལ་གྱིས་ཁེབས་པ་དང་དྭངས་ཤིང་གཙང་བའི་མཚེའུ་ཞིག་ཀྱང་ཡོད་རབས་ཐོས་པས་གྲོགས་མོ་ཞིག་གི་འབོད་སྐུལ་འོག་ང་རང་ཡུལ་ལྗོངས་འདི་ལ་ལྟད་མོར་འགྲོ་བའི་སྐལ་བ་བྱུང་།

    ཞོགས་པའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་ང་ཚོ་མཛེས་ལྗོངས་ཁུལ་གྱི་སྒོ་ཁ་ནས་ལམ་ལ་ཆས་ཏེ།   ནགས་གསེང་བརྒྱུད་ནས་ཤྭ་ཁ་རི་བོའི་རི་རྩེའི་ཕྱོགས་སུ་ཆས།    དེ་རིང་གི་ནམ་ཟླའི་དྲོད་གྲང་སྙོམས་ཤིང་བསིལ་སྣང་ལྡན་པས་གོམ་བགྲོད་བྱེད་པར་ཤིན་ཏུ་འཚམས།   གདོད་མའི་ནགས་ཀླུང་ན་རྐང་ལམ་ཕྲ་མོ་ཞིག་རི་རྩེའི་ཕྱོགས་སུ་བརྐྱངས་ཡོད་ཅིང་།   ཆུ་ཚོད་གསུམ་ཙམ་གྱི་གོམ་བགྲོད་བྱས་པ་ན་ང་ཚོ་རི་རྩེར་འབྱོར།   ལམ་བར་ནས་འབྲོག་ར་དང་གཡང་གི་སྒོ་ཟོག་མཐོང་ཐུབ་པ་མ་ཟད་མེ་ཏོག་སྣ་ཚོགས་ཐར་ཐོར་དུ་སྐྱེས་ཡོད་པའང་མཐོང་ཐུབ་ཅིང་།   ནགས་བྱིའུ་རྣམས་ནི་འཕུར་ལྡིང་གི་གར་ལ་རྩེན་ནས་སྐད་སྙན་སྒྲོགས་ལ།  ཆུ་ཕྲན་ལྷུང་ལྷུང་དུ་བཞུར་བའི་སྒྲ་སྙན་ཡང་ཕྱོགས་བར་མེད་ནས་ཐོས་ཐུབ།     ཉིན་གུང་གི་ཁ་ལག་ཟོས་རྗེས་ང་ཚོ་ཤྭ་ཁ་རི་བོའི་རི་རྩེ་ནས་མར་བབས་པ་དང་རི་ངོས་ཐམས་ཅད་ནི་སྤང་སྔོན་མོ་གདན་ལ་བཏིང་བ་དང་འདྲ་བར་ཤིན་ཏུ་མཛེས།    གལ་ཏེ་ཟླ་ལྔ་བའི་དུས་སུ་བར་འདིར་བརྒྱུད་པ་ཡིན་ན་ཐང་ལ་ཐོན་མ་ཐོན་གྱི་བར་གསེང་དུ་སྟག་མའི་ཤིང་སྡོང་གིས་ཡོངས་སུ་ཁེངས་ཡོད་པ་དང་།   རྒྱུས་ཡོད་པའི་གྲོགས་མོ་ཞིག་གིས་དེ་ནི་མེ་ཏོག་གི་འཇིག་རྟེན་ཞིག་དང་འདྲ་བར་མཛེས་ཤིང་ལྟ་ན་སྡུག་ལ་ཡིད་སེམས་དབང་མེད་དུ་འགུགས་པར་བཤད་པས་ཕྱི་ལོའི་ཟླ་ལྔ་བར་ངེས་པར་ཡོང་རྒྱུའི་སེམས་ཐག་བཅད།    ཐང་ལ་ཐོན་པ་ན།  རི་ཁྱུང་ཆེན་འདྲ་བའི་འདབས་རོལ་ན་རྒྱའི་སྐད་དུ་ལིན་ཞི་མཚོ་ཞེས་མཐོང་བ་ཙམ་གྱིས་ཡིད་སེམས་རྨང་ནས་འགུགས་པའི་མཚེའུ་ཞིག་མིག་ལམ་དུ་མངོན་ཡོང་།   མཚོ་ངོས་གཙང་ལ་སྔོ་ཞིང་ལྗང་།  ཆུའི་གཉེར་མ་ནི་བསིལ་རླུང་གི་རྒྱུ་བ་དང་བསྟུན་ནས་གང་སར་གཡོ།   ཕྱོགས་བཞི་བོར་མགོ་བོ་དགུང་ལ་ཟུག་པའི་གསོམ་སྡོམ་གྱིས་ཡོངས་སུ་ཁེངས་འདུག     གྲོགས་ཟླ་གྲགས་ཀྱིས་བཤད་ན།   འདིའི་རི་ཆུ་ནགས་གསུམ་གྱི་བཀོད་པ་ནི་དངོས་ནས་གློག་བརྙན་ཨ་བན་ཏཱའི་ནང་གི་ཡུལ་ལྗོངས་དང་ཤིན་ཏུ་འདྲ་བོ་འདུག་ཅེས་བསྔགས་པ་བཞིན་དོན་ལའང་དེ་ལྟར་གནས།    

    ལྷ་ཆབ་གཙང་མ་དེ་ཁ་ལ་ཐེངས་གསུམ་འཐུང་རྗེས།   ང་ཚོ་ཕྱིར་ལོག་པའི་ལམ་དུ་ཆས།   ལམ་བར་ནས་རྫ་རི་དང་ནགས་རི།   ཡང་བར་དང་བར་དུ་འབྲོག་ར་དང་སྤང་ལྗོངས་སོགས་གནས་མང་པོ་ཞིག་བརྒྱུད་དགོས།    རང་བྱུང་ཁམས་ལ་བཅར་བ་ནི་གོམ་བགྲོད་དང་ལྟད་མོ་བལྟ་བ་ཁོ་ན་ཙམ་གྱི་ཕྱིར་མིན།    རང་བྱུང་ཁམས་དུ་བཅར་བ་ན་ང་ཚོས་རང་ཉིད་ལ་རྒྱུས་ལོན་བྱེད་ཐུབ་ཅིང་།   ལྷིང་འཇགས་ཀྱི་ཁོར་ཡུག་ནས་ང་ཚོར་སློབ་སྦྱོང་མང་པོ་ཞིག་བྱེད་ཐུབ།  གནས་དེ་ནས་ང་ཚོས་རང་བྱུང་ཁམས་ཀྱི་དྲི་མ་སྣུམ་ཐུབ།  མེ་ཏོག་སྣ་ཚོགས་ཀྱི་དཀར་དམར་སེར་གསུམ་གྱི་འཛུམ་མདངས་མཐོང་ཐུབ།  ལྷུང་ལྷུང་རྫ་ཆུ་དྭངས་མོའི་སྐད་སྙན་ཐོས་ཐུབ།    རྒྱང་དང་རྒྱང་རིང་ན་གངས་དཀར་གྱི་རི་བོ་ཡོད་པ་མཐོང་ཐུབ།   ལུས་སེམས་གཉིས་ཀྱི་བདེ་ཐང་ལ་མངོན་སུམ་གྱི་ཕན་ཐོགས་འབྱུང་བ་སོགས་ཐེངས་འདིའི་གོམ་བགྲོད་ལ་ཉིན་གཅིག་གི་དུས་ཚོད་དང་།   བར་ཐག་སྤྱི་ལེ་ཉི་ཤུ་ལྷག་བརྒྱུད་པ་སོགས་དངོས་ནས་བརྗེད་དུ་མེད་པའི་མྱོང་ཚོར་ཞིག་ཏུ་གྲུབ་ཡོད།