རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-15   རྩོམ་ཁུངས།    མི་དམངས་དྲ་བ།
ཉེ་ཆར། “ང་ཚོའི་ཁྱིམ་གཞིས། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་”ཞེས་པའི་དྲ་རྒྱའི་བརྗོད་བྱ་གཙོ་བོའི་བྱེད་སྒོའི་བཅར་འདྲི་ཚོགས་པ་བར་སྐོར་ནང་དུ་བསྐྱོད་དེ་གནའ་གྲོང་གི་སྲོལ་རྒྱུན་རིག་གནས་དང་དམངས་སྲོལ་གོམས་སྲོལ་མཉམ་འདྲེས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་པ་ཡིན།
ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པར་གནས་པའི་བར་སྐོར་ལ་ད་བར་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ཡོད། དེ་གར་མི་རིགས་མང་པོ་ཞི་མཐུན་མཉམ་གནས་བྱས་ཤིང་། གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་དང་སྡོད་གནས། བྱ་བྱེད་བཅས་ཆ་ཚང་ཙམ་ཉར་ཚགས་བྱས་ཡོད་པས། 2009ལོའི་ཟླ་6པར་“ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་སྲང་ལམ་”ཁག་དང་པོའི་ནང་བདམས་ཐོན་བྱུང་ཡོད།
བར་སྐོར་གྱི་ཟུར་ཞིག
2023ལོའི་ཟླ་7ཚེས་10ཉིན། ཁྲེང་ཀོན་ཆུས་བར་སྐོར་སྲང་ལམ་ཡུལ་སྐོར་པར་ལེན་ལས་རིགས་མཐུན་ཚོགས་(བོད་ཀྱི་གྱོན་ཆས་ཉམས་ལེན་)ཐོག་མར་བཙུགས་པ་རེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་སྲང་ལམ་གཞུང་དོན་གཅོད་ཁྲུའུ་ཡི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་མཐུན་ཚོགས་བཙུགས་པ་དེས་གྲོང་ཁུལ་རྙིང་པའི་ཡུལ་སྐོར་པར་ལེན་ལས་རིགས་ཚད་ལྡན་དོ་དམ་བཟོ་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཡུལ་སྐོར་བས་བོད་མི་རིགས་ཀྱི་རིག་གནས་ལ་ངོས་འཛིན་དང་བསམ་ཤེས་བྱ་རྒྱུར་དེ་བས་ཁྲིད་སྟོན་ལེགས་པོ་ཐུབ་ཡོད་ལུགས་བསྟན།
ཡུལ་སྐོར་བས་མངའ་རིས་ཀྱི་“རྨ་བྱ་རྒྱན་གོས”གྱོན་ནས་པར་ལེན་བཞིན་པ།
ཨ་ལྕག་ཀྲང་ལགས་ནི་ཧོ་པེ་ནས་ཡིན་པ་དང་། ནུབ་རྒྱུད་འཆར་གཞིའི་དང་བླངས་པ་ཞིག་ཡིན་པའི་ཆ་ནས་མངའ་རིས་སུ་ལས་ཀ་ལོ་གཉིས་བྱས་པ་རེད། ཨ་ལྕག་ཀྲང་ལགས་ཀྱིས་“ད་ཆ་ཞབས་ཞུའི་དུས་ཚོད་ཐིམ་ནས་ལྷ་ས་ནས་ཁ་བྲལ་རྒྱུ་ཡིན་པས། སྲོལ་རྒྱུན་གྱི་མི་རིགས་ཁྱད་ཆོས་ལྡན་པའི་དངོས་བྲིས་ཆ་ཚང་ཞིག་པར་བླངས་ནས་དྲན་གསོ་ཞུ་རྩིས་ཡོད། ‘རྨ་བྱ་རྒྱན་གོས་’ནི་མངའ་རིས་ས་ཁུལ་ལ་དམིགས་བསལ་དུ་ཡོད་པའི་སྲོལ་རྒྱུན་གྱོན་ཆས་ཤིག་ཡིན་པས་དྲན་གསོ་ཞུ་བའི་དོན་སྙིང་ལྡན་པར་འདོད་”ཅེས་གསར་འགོད་པར་བཤད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གི་“རྨ་བྱ་རྒྱན་གོས་”ལ་ལོ་ངོ་1000ལྷག་ཙམ་གྱི་ལོ་རྒྱུས་ལྡན་པ་དང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རེད། སྤུ་ཧྲེང་ལ་རྣམ་པ་མི་འདྲ་བའི་ཚོན་མདངས་མཛེས་སྡུག་ལྡན་པའི་སྐྱེས་པ་དང་བུད་མེད་ཀྱི་རྒྱན་གོས་རིགས་12ཡོད་པ་དེའི་ནང་ནས་ཆེས་སྤུས་ལེགས་དང་ཆེས་ཐུན་མོང་མ་ཡིན་པ་ནི་བུད་མེད་ཀྱི་“རྨ་བྱ་རྒྱན་གོས་”དེ་རེད། “རྨ་བྱ་རྒྱན་གོས་”ཆ་ཚང་གཅིག་གི་ལྗིད་ཚད་ལ་སྤྱི་རྒྱ་25ཟིན་པ་དང་། གསེར་དང་། དངུལ། གསོམ་རྡོ། མ་ནོ། བྱུ་རུ། མུ་ཏིག་སོགས་པའི་ནོར་བུས་བརྒྱན་ཡོད་པས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན།