རི་དྭགས་རྩ་ཆེན་རྔོན་པའི་ཉེས་ཆད་ག་འདྲ་ཡིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-08-27   རྩོམ་ཁུངས།    མཚོ་སྔོན་ཁྲིམས་སྐྱོང་ཚགས་པར།

    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན341པའི་ནང་། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩ་ཆེ་ཞིང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་འཛིན་བཟུང་དང་བསད་པའམ། ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩ་ཆེ་ཞིང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་ངང་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་རིགས་ལ་དུས་བཙོན་ལོ5མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུ། ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུ། ཉེས་ཚབས་ཧ་ཅང་ཆེ་བའི་རིགས་ལ་དུས་བཙོན་ལོ10ཡན་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུའམ་རྒྱུ་ནོར་གཞུང་བཞེས་གཏང་རྒྱུ།

ཁྲིམས་སྲོལ་དང་འགལ་ནས་རི་དྭགས་རྔོན་མི་ཆོག་པའི་ས་ཁུལ་དང་། རི་དྭགས་རྔོན་མི་ཆོག་པའི་དུས་སམ་ཡང་ན་སྤྱོད་མི་ཆོག་པའི་ཡོ་བྱད་དང་བྱེད་ཐབས་སྤྱད་དེ། རི་དྭགས་རྔོན་ནས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་ཉེས་ཚབས་ཆེ་རིགས་ལ་དུས་བཙོན་ལོ3མན་ནམ་བཙན་ཉར་ལས་སྐུལ་ལམ་རྩིས་སྤྲོད་དོ་དམ་ནམ་དངུལ་ཆད་གཅད་རྒྱུ།


    《ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རི་སྐྱེས་སྲོག་ཆགས་ཐོན་ཁུངས་ལ་གནོད་འཚེ་བཏང་བའི་ཉེས་དོན་གྱོད་གཞི་ཐག་གཅོད་བྱེད་པར་བཅའ་ཁྲིམས་སྤྱད་ཆོག་པའི་གནད་དོན་འགའི་སྐོར་གྱི་འགྲེལ་བཤད》(ཁྲིམས་འགྲེལ(2022)ཨང12པ)ཀྱི་དོན་ཚན6པ་ལྟར་ན། རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩ་ཆེ་ཞིང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་ངང་འཛིན་བཟུང་དང་བསད་པའམ། ཡང་ན་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་རྩ་ཆེ་ཞིང་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་དང་དེའི་ཐོན་རྫས་ཁྲིམས་འགལ་གྱིས་ཉོ་སྒྲུབ་དང་སྐྱེལ་འདྲེན། ཕྱིར་འཚོང་བཅས་བྱས་ནས་རིན་ཐང་སྒོར་ཁྲི2ཡན་ནས་ཁྲི20མ་ལོན་པའི་རིགས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན341པའི་ནང་གསེས་ཚན་པ1པོའི་གཏན་འབེབས་ལྟར། དུས་བཙོན་ལོ5ཡི་མན་ནམ་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུ། རིན་ཐང་སྒོར་ཁྲི20ཡན་ནས་ཁྲི200མ་ལོན་པའི་རིགས་ནག་ཉེས་ཚབས་ཆེན་ཡིན་པར་ངོས་འཛིན་བྱས་ཏེ། དུས་བཙོན་ལོ5ཡན་ནས་ལོ10མན་བར་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅད་རྒྱུ། རིན་ཐང་སྒོར་ཁྲི200ཡི་ཡན་ཡིན་ཚེ། ནག་ཉེས་ཧ་ཅང་ཚབས་ཆེན་ཡིན་པར་ངོས་འཛིན་བྱས་ཏེ་དུས་བཙོན་ལོ10ཡན་གྱི་ཉེས་ཆད་དང་དངུལ་ཆད་མཉམ་དུ་གཅོད་པའམ་རྒྱུ་ནོར་གཞུང་བཞེས་གཏང་དགོས་ཞེས་བཀོད་ཡོད།