རྩོམ་པ་པོ་ལུང་རིན་ཆེན་གྱི་དེབ་གཉིས་པར་སྐྲུན་འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-05   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

        ཉེ་ཆར་མཚོ་སྔོན་གྱི་རྩོམ་པ་པོ་གྲགས་ཅན་ལུང་རིན་ཆེན་གྱིས་བརྩམས་པའི་བྱིས་སྒྲུང་རིང་མོ«ཚེ་ལོ་ཡི་ཨ་ཆེན་གངས་རྒྱབ»ཅེས་པ་ཆིང་ཏའོ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད།

        «ཚེ་ལོ་ཡི་ཨ་ཆེན་གངས་རྒྱབ»ཅེས་པ་ནི་གྲང་ངར་ཆེ་ཞིང་ལྷིང་འཇགས་ཀྱི་ཨ་ཆེན་གངས་རྒྱབ་རྒྱབ་ལྗོངས་སུ་བྱས་ཤིང་། བུ་ཚེ་ལོ་ཨ་མའི་བརྩེ་བ་དང་བྲལ་རྗེས་ཀྱི་འཚར་ལོངས་བྱུང་བའི་བརྒྱུད་རིམ་སྙན་ངག་གི་ཉམས་ཀྱིས་བརྗོད་དེ། མི་སེམས་འགུལ་བའི་མཐོ་སྒང་གི་གཏམ་རྒྱུད་ཅིག་ཞིབ་འབྲི་བྱས་ཡོད། གཏམ་རྒྱུད་ནང་སློབ་གྲྭར་གུང་གསེང་བཏང་རྗེས་ཚེ་ལོས་ལམ་བར་གྱི་བར་ཆད་མང་པོ་སེལ་ཅི་ཐུབ་ཀྱིས་ཨ་ཆེན་གངས་རྒྱབ་ཀྱི་ལྟེ་བར་གནས་པའི་ཁྱིམ་དུ་ལོག་པ་དང་། མཐོ་སྒང་གི་རི་སྐྱེས་སྲོག་ཆགས་སྣ་ཚོགས་འཚོ་གཞེས་ཀྱི་ཡུལ་གྲུ་དེར་ཚེ་ལོས་ཨ་མར་ཕྱིར་དྲན་བྱས་ནས་འཚར་ལོངས་ཁྲོད་ཀྱི་སྐྱོ་སྡུག་མ་ལུས་ལ་གདོང་གཏད་ཅིང་། གཉེན་ཉེའི་བར་གྱི་བྱམས་བརྩེ་དྲོད་ཁོལ་བཙལ་བ་བྲིས་ཡོད་ལ། ཨ་ཕའི་ཁྲིད་སྟོན་འོག  ཚེ་ལོས་ཤོར་བ་དང་ལེན་དང་། འཚོ་བར་ཤེས་རྟོགས། འཚར་ལོངས་ཀྱི་སྟོབས་ཤུགས་བསྡུ་ལེན་བཅས་བྱས། ཁོས་གཟིག་དང་། འབྲོང་། གཙོད་བཅས་ཀྱི་སྟེང་ནས་དྲོད་སྐྱིད་ལྡན་པའི་ཨ་མའི་བྱམས་སེམས་ཚོར་བ་དང་། ཁོའི་ཨ་མས་གཙོད་ཅིག་སྐྱོབ་ཆེད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད། དེའི་ཕྱིར་ཁོའི་བསམ་པར་ཨ་མས་བརྩེ་བ་ས་གཞི་འདིར་ཕུལ་བ་དང་། ས་གཞིའི་སྟེང་གི་སྲོག་ཆགས་ཡོད་ཚད་ལ་ཨ་མའི་བརྩེ་བས་ཁེངས་ཡོད་པར་འདོད། བརྩམས་ཆོས་འདིའི་ནང་ཨ་ཆེན་གངས་རྒྱབ་ཀྱི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་མངོན་པ་མ་ཟད། རང་བྱུང་ཁམས་ལ་བརྩི་བཀུར་དང་ཚེ་སྲོག་ལ་བསམ་གཞིག་བྱེད་པ་ཡང་མངོན་ཡོད་ལ། དུས་མཚུངས་སུ་ཨ་ཆེན་གངས་རྒྱབ་ཁོ་ནར་དབང་བའི་བསམ་པའི་རི་མོ་ཞིག་བཞེངས་སྐྲུན་བྱས་ཡོད་དོ། །

ལུང་རིན་ཆེན་གྱི་ལྷུག་རྩོམ་ཕྱོགས་བསྒྲིགས«མདོ་དབུས་ཀྱི་ཞིབ་ཆ»ཞེས་པ་ཁྲང་ཅང་རྩོམ་རིག་སྒྱུ་རྩལ་དཔེ་སྐྲུན་ཁང་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས།

        ལྷུག་རྩོམ་ཕྱོགས་བསྒྲིགས་དེབ«མདོ་དབུས་ཀྱི་ཞིབ་ཆ»ཞེས་པའི་ནང་ཉེ་བའི་ལོ་ཤས་རིང་ལུང་རིན་ཆེན་གྱིས་གསར་རྩོམ་བྱས་པའི«མི་དམངས་རྩོམ་རིག» «ཟླ་བཅུ་པ» «གཞོན་ནུའི་རྩོམ་རིག» «འོད་ཟེར་ཉིན་རེའི་ཚགས་པར»སོགས་དུས་དེབ་དང་ཚགས་པར་ཐོག་སྤེལ་བའི་ལྷུག་རྩོམ16བསྡུས་ཡོད། བརྩམས་ཆོས་འདིའི་ནང་མཐོ་སྒང་གི་མེ་ཏོག་དང་ལོ་མ་རེ་རེའི་བཀྲག་མདངས་དང་། འདབ་ཆགས་ཀྱི་སྐད་སྒྲ་སོགས་ཞིབ་འབྲི་བྱས་ཡོད་ལ། མིག་དབང་དང་རྣ་དབང་སྤྱད་ཅིང་། དེའི་སྟེང་རྩོམ་པ་པོའི་བསམ་གཞིག་དང་ཕྱིར་རྟོག་གི་སྒོ་ནས་མདོ་དབུས་མཐོ་སྒང་གི་མཛེས་སྡུག་མ་ལུས་ཞིབ་ཆའི་ངང་མཚོན་ཡོད། ལུང་རིན་ཆེན་གྱིས་གསུང་དོན། མཛེས་སྡུག་ནི་ཞིབ་ཕྲ་ལས་གྲུབ་པ་ཞིག་ཡིན་པ་དང་། མཛེས་སྡུག་གི་མིང་ཐོག་ནས་སྐད་གྲགས་ཆོད་པའི་མདོ་དབུས་མཐོ་སྒང་ཡིན་ནའང་འདྲ། རི་ཀླུང་དང་རང་བྱུང་ཁམས་བར་གྱི་ཡུལ་གྲུ་མ་ལུས་ཞིབ་ཕྲའི་མཛེས་རྒྱན་དང་གོང་བུ་གཅིག་ཏུ་འདུས་པ་ཞིག་ཡིན། ལོ་ངོ་སྟོང་ཕྲག་ལྔ་རིང་གི་འོད་སྟོང་འབར་ཞིང་ཤེས་རིག་ལྡན་པའི་གནའ་བོའི་ཀྲུང་གོར་མཚོན་ན། མེ་ཏོག་དང་ལོ་མ་རེ་རེ་དང་། འདབ་ཆགས་ཀྱི་སྐད་སྒྲ་རེ་རེའི་རྒྱབ་ཏུ་མི་སེམས་འགུལ་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་ལོ་རྒྱུས། དེ་བཞིན་དེའི་རིང་གི་མི་སེམས་ཀྱི་བབ་ཆགས་དང་སེམས་ཁམས་བཅས་འདུས་ཡོད། ཞིབ་ཆ་དེ་དག་སྔོག་འདོན་དང་ཞིབ་འབྲི་བྱ་རྒྱུ་ནི་ལྷུག་རྩོམ་གྱི་ལས་འགན་ཞིག་ཡིན། «མདོ་དབུས་ཀྱི་ཞིབ་ཆ»ཞེས་པ་ནི་ལུང་རིན་ཆེན་གྱིས་དེ་ལྟ་བུའི་འདུ་ཤེས་སྟེང་ནས་བྲིས་པའི་ལྷུག་རྩོམ་གྱི་དེབ་མཆོག་ཅིག་ཡིན་ནོ། །

        རྩོམ་པ་པོ་ངོ་སྤྲོད་མདོར་བསྡུས།

        ལུང་རིན་ཆེན། 1967ལོའི་ཟླ3པར་མཚོ་སྔོན་པོའི་འགྲམ་གྱི་མཐེབ་རྒྱ་རྩྭ་ཐང་དུ་སྐྱེས། 1990ལོ་ནས་བཟུང་རྩོམ་རིག་གསར་རྩོམ་དང་རྩོམ་རིག་ལོ་ཙཱའི་ལས་སུ་ཞུགས། སྔ་རྗེས་སུ«མི་དམངས་རྩོམ་རིག»དང་། «ཀྲུང་གོའི་རྩོམ་པ་པོ» «ཟླ་བཅུ་པ» «སྦྲང་ཆར»སོགས་རྒྱ་བོད་ཡིག་རིགས་གཉིས་ཀྱི་དུས་དེབ་སྟེང་བརྩམས་ཆོས་བཀོད་པ་མ་ཟད། «བརྩམས་སྒྲུང་བདམས་དེབ»དང་། «ཟླ་རེའི་སྒྲུང་གཏམ་དུས་དེབ» «ལྷུག་རྩོམ་བདམས་དེབ»སོགས་དང་ལོ་འཁོར་གྱི་བདམས་དེབ་སྣ་ཚོགས་སྟེང་ཐེངས་མང་བཀོད། དེ་མིན་གསར་རྩོམ་དང་ཡིག་སྒྱུར་བརྩམས་ཆོས་དེབ20ལྷག་ཙམ་པར་སྐྲུན་བྱས་ཡོད། ཁོང་གི་བརྩམས་ཆོས་ལ་སྐབས་དང་པོའི་ཀྲུང་གོའི་རྒྱ་ཡིག་རྩོམ་རིག་གི“བུད་མེད་དཔྱད་འདེམ་པའི”བྱ་དགའ་ཆེ་གྲས་དང་། སྐབས་གསུམ་པའི་སན་མའོ་ལྷུག་རྩོམ་བྱ་དགའ་སོགས་ཐོབ་མྱོང་ལ། སྐབས་ལྔ་པའི་ལུའུ་ཤུན་རྩོམ་རིག་བྱ་དགའ་ཡི་མིང་འདོན་ནང་ཡང་ཚུད་མྱོང་། ཡིག་སྒྱུར་བརྩམས་ཆོས་ལ་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་སྐབས་བཅུ་གཉིས་པའི“རྟ་མཆོག་བྱ་དགའ”དང་། མཚོ་སྔོན་ཞིང་ཆེན་གྱི«གེ་སར»ལོ་རྒྱུས་སྙན་ངག་ཞིབ་འཇུག་གྲུབ་འབྲས་བྱ་དགའ་ཐོབ། བརྩམས་ཆོས་ཁག་ཅིག་དབྱིན་ཇི་དང་། ཉི་ཧོང་། དབྱི་ཊ་ལི་སོགས་ཀྱི་ཡི་གེར་བསྒྱུར་ཡོད། ཀྲུང་གོ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་།མཚོ་སྔོན་ཞིང་ཆེན་རང་བྱུང་རྩོམ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ། ཀྲུང་གོ་གློག་བརྙན་རྩོམ་རིག་སློབ་ཚོགས་ཀྱི་ཚོགས་མི། ཀྲུང་གོ་རོལ་དབྱངས་རྩོམ་རིག་སློབ་ཚོགས་ཀྱི་ལས་འཛིན། མཚོ་སྔོན་ཞིང་ཆེན་གྱི«གླིང་སྒྲུང»བྱ་བའི་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་ཀྱི་འགན་གཅིག་ལྕོགས་སུ་བཞེས་ཡོད།