སའི་སོའི་གྲོང་ཚོའི་རྣམ་པ་གསར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སའི་སོའི་གྲོང་ཚོ་ནི་འབར་ཁམས་གྲོང་ཁྱེར་ལྷོ་ཕྱོགས་ཀྱི་སྤྱི་ལེ་བརྒྱད་ཙམ་ཡོད་པའི་སོ་མང་ཆུ་བོའི་སྟོད་བརྒྱུད་ཀྱི་ཅོག་ཙེ་གྲོང་རྡལ་དུ་ཡོད་ལ། གྲོང་ཚོ་འདིར་བསྡོམས་པས་དུད་ཁྱིམ་119དང་མི་གྲངས་384ཡོད་པ་རེད། དེ་སྔོན་ཡུལ་འདི་ནི་རོང་འབྲོག་གཉིས་ཀྱི་འཚོ་བ་རོལ་བཞིན་པའི་གདོད་མའི་གྲོང་ཚོ་ཞིག་ཡིན་པས། མང་ཚོགས་ཀྱི་འཚོ་བ་ཅུང་དབུལ་ཕོངས་དང་རྗེས་ལུས་ཡིན།   འོན་ཀྱང་གནས་འདིའི་སྣོད་བཅུད་ཀྱི་བཀོད་པ་ཕུན་སུམ་ཚོགས་ལ་ལོ་རྒྱུས་དང་སྲོལ་རྒྱུན་གྱི་རྫོང་སྟུག་ཏེ། དཔེར་ན་ཅོག་ཙེ་རྒྱལ་བོའི་གནའ་ཤུལ་དང་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་དང་སྙིང་སྟོབས་མཚོན་པའི་རིག་རྫས་མང་བོ་གནས་འདིར་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་གྲོབ་གསེབ་དར་སྤེལ་ལ་ཤུགས་སྣོན་ཆེན་པོ་བྱེད་བཞིན་ཡོད་ལ། སའི་སོའི་གྲོང་ཚོས་ཡང་སྐབས་འདི་དམ་འཛིན་བྱས་ནས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་དང་གྲོང་ཚོའི་སྤྱིའི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་སྣོན་བྱེད་བཞིན་ཡོད།


    བཀྲ་ཤིས་སྨན་ནི་སའི་སོའི་གྲོང་ཚོའི་གྲོང་མི་དཀྱུས་མ་ཞིག་ཡིན་ལ། ལོ་རབས་བརྒྱད་བཅུ་བའི་མཇུག་ནས་སྐྱེས་པའི་ཁོ་མོ་ནི་སློབ་ཆེན་མཐར་ཕྱིན་རྗེས་རང་ཡུལ་དུ་ལོག་ནས་ལས་གཏོད་ཀྱི་ལས་ལ་ཞུགས་ཡོད་པའི་ན་གཞོན་ཞིག་རེད། ད་དུང་སྡེ་བའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན་གྱི་འགན་ཡང་བཞེས་འདུག ཡོན་ཏན་གྱི་ཆུ་ཚད་དང་དཔལ་འབྱོར་གྱི་མིག་རྒྱ་ཡོད་པའི་བཀྲ་ཤིས་སྨན་གྱིས་སའི་སོའི་གྲོང་ཚོའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་བཀོད་པ་དང་མི་རིགས་རང་གི་ཁྱད་ཆོས་འབུར་དུ་ཐོན་པའི་ཡུལ་སྲོལ་གོམས་གཤིས། ལྷག་པར་དུ་ལོ་རྒྱུས་ཀྱི་རྒྱུན་རིང་བའི་ས་སྐྱོང་དཔོན་དང་གསར་རྗེའི་རྗེས་ཤུལ་ཡོད་པར་དམིགས་ནས། ཡུལ་འདིའི་ཐོན་ཁུངས་འདི་དག་སྔོག་འདོན་དང་བེད་སྤྱོད་བྱས་ན་ཅུང་རྗེས་ལུས་ཀྱི་གྲོང་མིའི་འཚོ་བ་བསྒྱུར་བཅོས་ཐུབ་པ་སྔོན་དཔག་ཐུབ་སྟེ། འདིའི་ཕྱོགས་ལ་བརྩོན་པ་སྐྱེད་པའི་འགོ་བརྩམས་པ་རེད།

    བཀྲ་ཤིས་སྨན་གྱིས་ལོ་ངོ་བཅུ་ལྷག་ལ་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་སྲིད་ཇུས་བཟང་བོའི་ལམ་སྟོན་དང་དཔོན་པོ་བཟང་བོའི་རྒྱབ་སྐྱོར་སོགས་ལ་བརྟེན་ནས། དུས་ད་ལྟ་ཁོང་ཚང་གི་ཁྱིམ་ན་མགྲོན་ཁང་ཡོད་ལ། རྒྱལ་རོང་སྲོལ་རྒྱུན་གྱི་འཁལ་འཐག་དང་འཚེམ་བཟོའི་མཉམ་ལས་ཁང་ཞིག་ཀྱང་ཡོད་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན་སྲོལ་རྒྱུན་གྱི་འཁལ་འཐག་དང་འཚེམ་བཟོའི་མཉམ་ལས་ཁང་འདིའི་ནང་གི་ལས་བཟོ་བ་མང་བོ་ཞིག་གྲོང་ཚོའི་ནང་གི་ལོ་ལོན་དང་འདིའི་ཕྱོགས་ལ་ཉམམ་མྱོང་ཡོད་པའི་རྒན་རབས་པ་དག་ཡིན་ལ། ཁོ་མོ་ནི་བཟོ་གྲྭའི་ནང་གི་ཆེས་ལོ་ཆུང་དེ་ཡིན་པས་གཙོ་བོ་སྲོལ་རྒྱུན་ལག་རྩལ་འདི་རྒྱུད་འཛིན་པ་ཞིག་ཐོབ་ཐང་ཡིན་པ་རེད། བཟོ་གྲྭའི་ནང་ནས་ཐོན་སྐྱེད་བྱས་པའི་ཐོན་རྫས་ལ་སྐེད་རགས་དང་ཏ་ལེན། རྒྱབ་ཁུག་སོགས་རིགས་སྣ་ཚོགས་ཡོད་དེ། ལག་ཤེས་ཐོན་རྫས་འདི་དག་གཅིག་བསྡུས་ཀྱིས་འགྲེམ་སྟོན་ཁང་ཆུང་ཆུང་ཞིག་ཏུ་བཤམ་ཡོད་ལ། ཡུལ་སྐོར་བ་དག་གིས་མཉམ་ལེན་དང་ཉོ་བསྒྲུབ་བྱས་ཆོག་པ་རེད། བཀྲ་ཤིས་སྨན་གྱི་འདི་ལྟ་བུའི་མཉམ་ལས་ཁང་ཞིག་འཛུགས་དགོས་དོན་གཙོ་བོ་འཁལ་འཐག་རིག་གནས་འདི་ནི་ཡབ་མེས་ཚོའི་ངལ་རྩོལ་ལས་ཐོན་པའི་བློ་རིག་ཡིན་ཏེ་རྒྱུད་འཛིན་བྱ་རྒྱུ་དེ་ཡིན་ལ། དེའི་ཐོག་ཡོང་འབབ་རེ་ཡོད་ན་བཟོ་གྲྭའི་ནང་གི་ལས་བཟོ་བ་ལོ་ལོན་ཚོའི་འཚོ་བའི་ཁ་སྣོན་སྟེར་རྒྱུ་དེ་ཡིན་ཞེས་བཤད།

    བཀྲ་ཤིས་སྨན་གྱི་སྣེ་ཁྲིད་འོག་དུས་ད་ལྟ་གྲོང་ཚོའི་ནང་གི་སློབ་ཆེན་སློབ་མ་མང་བོ་ཕྱིར་ཕ་ཡུལ་ལ་ལོག་ནས་ལས་གཏོད་བྱེད་བཞིན་ཡོད་ལ། མགྲོན་ཁང་དང་ཟ་ཁང་། འཚིག་ཇ་ཁང་སོགས་ལས་རིགས་སྣ་ཚོགས་གཉེར་བཞིན་ཡོད་དེ། སྤྱིའི་སྒྲིག་ཆས་སོགས་ཀྱི་ཐད་ནས་ཡུལ་སྐོར་པའི་དགོས་འདོད་ཕལ་ཆེར་སྐོང་ཐུབ་འདུག འདི་ལྟར་ཁོ་ཚོས་མཉམ་དུ་ཡུལ་སྐོར་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་བྱེད་པའི་ཡང་དག་པའི་ལམ་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ། ཕ་ཡུལ་འཛུགས་སྐྲུན་གྱི་བྱ་བཞག་རླབས་ཆེན་ལ་འདིར་རང་གི་ནུས་པས་སྲིད་ཞུ་བསྒྲུབ་བཞིན་ཡོད།