ལྷོ་ཁའི“ས་མཐོའི་བྱེ་སྒང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས”འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-19   རྩོམ་ཁུངས།    中国西藏网藏文版

        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ9པའི་ཚེས15ཉིན།  སྟོན་དུས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་དུ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་རྣམ་པ་གསར་རྐྱང་གི་རིག་གནས་གསོལ་སྟོན་སྐབས་དང་པོའི“ས་མཐོའི་བྱེ་སྒང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས”བསུས་ཤིང་།   བྱེད་སྒོ་དེས་ལྷོ་ཁའི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་མངོན་པར་མ་ཟད།  ད་དུང་གསར་གཏོད་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱེད་སྟངས་ལ་བརྟེན་ནས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་སྟེ་ས་མཐོའི་སྒྱུ་རྩལ་རྟེན་འབྲེལ་མཛད་སྒོར་ཐུན་མོང་གིས་དཔང་པོ་བྱས། 

        “བོད་ཀྱི་རིག་གནས་ཀྱི་འབྱུང་གནས”ཏེ་ལྷོ་ཁར་རང་གི་ཁྱད་ཆོས་ལྡན་པའི་རང་བྱུང་ཉམས་འགྱུར་དང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་སྙིང་བཅུད་ལ་བརྟེན་ནས་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཚིགས་ཀྱི་གར་སྟེགས་ཡག་ཤོས་སུ་གྱུར་ཡོད།   གྲ་ནང་རྫོང་གི་བྱེ་སྒང་སྒྱུ་རྩལ་སྤྱི་གླིང་ནི་བོད་ལྗོངས་ཀྱི་རྒྱལ་ཁབ་བྱེ་ཐང་སྤྱི་གླིང་ཐོག་མ་དེ་ཡིན་ཞིང་།  ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་བྱེ་འབུར་གྱི་མཛེས་ལྗོངས་དང“བོད་འབྱུང”རིག་གནས་གཉིས་ཟུང་འབྲེལ་ལེགས་པར་བྱས་ནས་མཐར་སྒྱུ་རྩལ་འགྲེམས་སྟོན་དང་།  གྱོན་ཆས་ངོམས་སྟོན།  གསར་གཏོད་ཁྲོམ་འདུས།  རོལ་དབྱངས་བྱེད་སྒོ་སྤེལ་ཡུལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་དུས་ཚིགས་ཤིག་བཏོད་པ་རེད།   

“ས་མཐོའི་བྱེ་སྒང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས”ཀྱི་བྱེད་སྒོའི་ཡུལ་དངོས།

        སྣ་མང་ཕུན་སུམ་ཚོགས་པའི་རྒྱན་གོས་བྱེ་སྒང་དུ་ངོམས་སྟོན་བྱས་ནས་མི་རིགས་ཀྱི་ཉམས་འགྱུར་མངོན།

        རྒྱན་གོས་ངོམས་སྟོན་གྱི་ལེ་ཚན་སྐབས་སུ།   མཚོ་སྨད་རྫོང་གི“བཞག་བྲག་རྩའི་རྒྱན་གོས”དང་།  སྣ་དཀར་རྩེ་རྫོང་གི“ཡར་འབྲོག་རྒྱན་གོས”ལྷུན་རྩེ་རྫོང་གི“ལྷོ་པའི་རྒྱན་གོས”མཚོ་སྣ་རྫོང་གི“མོན་པའི་རྒྱན་གོས”སོགས་ལྷོ་ཁའི་རྫོང་དང་ཆུས་ཁག་གི་མཚོན་བྱེད་རང་བཞིན་གྱི་རྒྱན་གོས་ཀྱིས་བྱེ་ཐང་གི་གར་སྟེགས་ཐོག མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་སོར་འཇོག་བྱས་ཡོད་ལ་ལང་ཚོ་དང་དར་སྲོལ་གྱི་ཁྱད་ཆོས་ཀྱང་བསྣན་ཡོད་པ་རེད།   ཤོམ་འགྲོ་བ་ཚོས་གཟབ་མཆོར་སྤྲས་ཏེ་བྱེ་ཐང་དུ་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད་པ་དེས་ལྟད་མོ་བ་ཚོའི་སྣེ་ཁྲིད་དེ་ཡུལ་དུས་ལས་སྒྲོལ་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་རིག་གནས་ཀྱི་ཡུལ་སྐོར་ཞིག་མྱོང་རོལ་ཐུབ་ཡོད། 

གྱོན་ཆས་འགྲེམས་སྟོན་བྱེད་བཞིན་པ།

        རོལ་དབྱངས་བྱེ་སྒང་དུ་གྲགས་ནས་གཞོན་ནུའི་རང་མདངས་མངོན་པ། 

        བྱེ་སྒང་གར་སྟེགས་དང་ཉ་གང་ཟླ་བའི་གར་སྟེགས་ནི་ད་ཐེངས་ཀྱི་སྒྱུ་རྩལ་དུས་ཚིགས་ཀྱི་ཇུས་འགོད་གཙོ་བོ་ཡིན།   དེ་གར་མངོན་མིན་རིག་གནས་ཤུལ་བཞག་གི་ཞབས་བྲོ་དང་དེང་རབས་རོལ་དབྱངས་ཀྱི་འོད་མདངས་ཕན་ཚུན་འཕྲོ་བ་དང་བྱེ་སྒང་དེ་རང་བྱུང་གི་ཡོལ་རས་སུ་བྱས་ནས་མི་སེམས་འགུལ་བའི་པར་རིས་མང་པོ་ཞིག་གྲུབ་ཡོད།   ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཀྱི་ལྷ་མོ《ཡར་ཀླུང་བཀྲ་ཤིས་ཞོལ་པ》དང་།  གྲ་ནང་རྫོང་གི་གཞས་ཆེན《གཉེན་སྒྲིག་མཛད་སྒོ》སྒོར་གཞས་སོགས་ཀྱི་གླུ་གར་འཁྲབ་སྟོན་གྱིས་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མངོན་པ་དང་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་ཡིད་དབང་བཀུག་ཡོད།   ས་རུབ་པ་དང་ཆབས་ཅིག་བཀྲ་ཤིས་ཕུན་ཚོགས་དང་ནོར་བུ་བསམ་གྲུབ་སོགས་གཞོན་སྐྱེས་གཞས་པ་རིམ་བཞིན་གར་སྟེགས་ཐོག་བསྐྱོད་དེ་དར་ཁྱབ་ཆེ་བའི་རོལ་དབྱངས་དང་།  གཞས་མ་གཏམ།  དམངས་གཞས་སོགས་ཉམས་འགྱུར་སྣ་ཚོགས་ལྡན་པའི་རོལ་དབྱངས་འཁྲབ་སྟོན་བྱས་ཏེ། ལང་ཚོའི་གསོན་ཤུགས་དང་སྤྲོ་སེམས་ལ་བརྟེན་ནས་ཡུལ་དངོས་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་པར་བྱས་ཡོད།  མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཀྱི་ལང་ཚོ་ཞི་མཐུན་མཉམ་གནས་བྱུང་ནས་སྣ་མང་གི་ལྷོ་ཁའི་རིག་གནས་འབུར་དུ་ཐོན་ཡོད།  

མངོན་མིན་རིག་གནས་ཤུལ་བཞག་གི་གླུ་གར་འཁྲབ་སྟོན་བྱེད་བཞིན་པ།

“ཉ་གང་ཟླ་བའི་གར་སྟེགས”ཀྱི་རོལ་དབྱངས་འཁྲབ་གཏོང་གི་ཡུལ་དངོས།

        སྐབས་དང་པོའི“ས་མཐོའི་བྱེ་སྒང་གཞོན་ནུའི་སྒྱུ་རྩལ་དུས་ཚིགས”ལེགས་གྲུབ་བྱུང་བ་དེས་ལྷོ་ཁའི་ཁྱད་ལྡན་ཕུན་སུམ་ཚོགས་པའི་རང་བྱུང་མཛེས་ལྗོངས་དང་རིག་གནས་ཐོན་ཁུངས་མངོན་ཞིང་།   བྱེད་སྒོ་ནང་ཞུགས་མཁན་ཚང་མས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་དང་ལང་ཚོའི་ཉམས་འགྱུར་གྱི་སྐྱེ་སྟོབས་ཀྱི་དཔལ་འབར་བ་རོལ་མྱོང་ཐུབ་པར་མ་ཟད།   དེང་རབས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐོན་ལས་ཀྱི་དུས་རབས་རང་བཞིན་གྱི་སྟངས་འཛིན་ཞིག་ཀྱང་ཡིན་ལ། འཛད་སྤྱོད་པའི་སེམས་ཁམས་དང་མཐུན་པ།  ངོས་འཛིན་གཅིག་མཐུན་ཡོད་པ།  རྒྱུན་མཐུད་ཀྱི་གྲུབ་འབྲས་ལྡན་པའི་ལག་ལེན་བཅས་རེད།