རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-27   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་9ཚེས་26ཉིན་ཚོགས་འདུ་འཚོགས་ནས། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་དང་། གོམ་སྟབས་རྗེས་མའི་དཔལ་འབྱོར་ལས་དོན་བཀོད་སྒྲིག་བྱས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཡོད།
ཚོགས་འདུའི་ཐོག ལོ་འདི་ཤར་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགག་གཏོར་དཀའ་སེལ་དང་བབ་བརླིང་ངང་ཁ་གཏད་གཅོག་པ། སྤྱི་ཁོག་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་ཤུགས་རྒྱག་པ། རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་བ། དཔལ་འབྱོར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་བཅས་བྱས་པས། དཔལ་འབྱོར་འཁོར་རྒྱུག་སྤྱིར་ན་བརྟན་པོ་དང་བརྟན་ཐོག་ཡར་འཕེལ་བྱུང་བ་དང་། སྤུས་གསར་ཐོན་སྐྱེད་ནུས་ཤུགས་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ། དམངས་འཚོ་འགན་ལེན་ཏན་ཏིག་ནུས་ལྡན་བྱུང་བ། ཁྱབ་ཁོངས་གཙོ་བོའི་ཉེན་ཁ་འགོག་སེལ་ལ་འཕེལ་རིམ་བཟང་པོ་ཐོན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ་བཅས་བྱུང་ཡོད་པའི་ངོས་འཛིན་བྱས་ཡོད།
ཚོགས་འདུའི་ཐོག རང་རྒྱལ་དཔལ་འབྱོར་གྱི་གཞི་རྩའི་རྣམ་པ་དང་ཁྲོམ་ར་རྒྱ་ཆེ་བ། དཔལ་འབྱོར་གྱི་ལྡེམ་ཤུགས་ཆེ་བ། མི་མངོན་པའི་སྟོབས་ཤུགས་ཆེ་བ་སོགས་ཀྱི་ཕན་ཡོད་ཆ་རྐྱེན་ལ་འགྱུར་བ་ཕྱིན་མེད། དུས་མཚུངས་སུ། མིག་སྔའི་དཔལ་འབྱོར་འཁོར་རྒྱུག་ཐད་གནས་ཚུལ་དང་གནད་དོན་གསར་པ་ཁག་གཅིག་ཐོན་ཡོད། མིག་སྔའི་དཔལ་འབྱོར་དུས་བབ་ལ་ཁྱོན་ཡོངས་དང་།དོན་དངོས་དང་མཐུན་པ། བབ་བརླིང་བཅས་ཀྱི་སྒོ་ནས་ལྟ་སྟངས་འཛིན་པ་དང་། དཀའ་ངལ་ལ་མཐོང་ཆེན་བྱེད་པ་དང་སེམས་ཤུགས་བརྟན་དུ་བཏང་ནས། དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་རྒྱུའི་འགན་འཁྲིའི་བསམ་པ་དང་ཁ་ཚ་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་དགོས། གཙོ་གནད་ལ་དམ་འཛིན་དང་རང་འགུལ་ངང་བྱ་སྤྱོད་སྤེལ་ནས། གསོག་འབོར་སྲིད་ཇུས་དོན་འཁྱོལ་ནུས་ལྡན་བྱེད་པ་དང་། འཕར་འབོར་སྲིད་ཇུས་འདོན་རྒྱུར་ཤུགས་རྒྱག་པ། སྲིད་ཇུས་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་ནུས་ལྡན་རང་བཞིན་སྔར་བས་ཆེ་རུ་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ཧུར་ཐག་སྒྲུབ་དགོས་ཞེས་བསྟན་འདུག
ཚོགས་འདུའི་ཐོག ནོར་སྲིད་དང་དངུལ་ལོར་སྲིད་ཇུས་ཀྱི་དུས་འཁོར་ལས་ལྡོག་པའི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོ་འགན་ལེན་བྱས་ཏེ། གཞི་རིམ་གྱི“འགན་ལེན་གསུམ”གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་གྱི་རྒྱལ་བུན་དང་ས་གནས་སྲིད་གཞུང་གི་ཆེད་དམིགས་བུ་ལོན་འགྲེམ་སྤེལ་དང་བེད་སྤྱོད་ཡག་པོ་བྱས་ཏེ། སྲིད་གཞུང་གི་མ་འཇོག་སྐུལ་ཁྲིད་ནུས་པ་འདོན་སྤེལ་སྔར་ལས་ཡག་པ་བྱེད་དགོས། བཅོལ་དངུལ་གྲབས་གསོག་དངུལ་ཚད་དམའ་རུ་བཏང་སྟེ་སྐྱེད་ཀ་གཅོག་ཤུགས་ཆེ་རུ་གཏོང་དགོས། ས་ཁང་བདག་ཁོངས་ཀྱི་ཁྲོམ་ར་ཆག་པ་ནས་བརྟན་པོར་ལོག་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། ཚོང་སྒྱུར་ཁང་པ་འཛུགས་སྐྲུན་བྱེད་པར་འཕར་ཚད་ཚོད་འཛིན་ནན་པོ་བྱེད་པ་དང་། གསོག་འབོར་ལེགས་འགྱུར་བྱེད་པ། སྤུས་ཚད་མཐོ་རུ་གཏོང་བ། “མིང་ཐོ་དཀར་པོའི”རྣམ་གྲངས་ལ་དངུལ་བུན་གཏོང་ཤུགས་ཆེ་རུ་བཏང་ནས། བེད་མེད་ས་ཆ་གང་འགབ་ཅི་སྤྱོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས། མང་ཚོགས་ཀྱི་དོ་ཁུར་ལ་ལན་ཆ་བྱེད་པ་དང་། སྡོད་ཁང་ཉོ་སྒྲུབ་ལ་ཚོད་འཛིན་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱེད་པ། བསགས་འབོར་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་དམའ་རུ་གཏོང་བ། ས་ཆ་དང་། ནོར་ཁྲལ། དངུལ་རྩ་སོགས་ཀྱི་སྲིད་ཇུས་དུས་ཚོད་དམ་འཛིན་གྱིས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། མ་རྩའི་ཁྲོམ་རའི་གསོན་ཤུགས་འཕེལ་གང་ཐུབ་བྱེད་པ་དང་། དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་ཁྲིད་སྟོན་ཤུགས་ཆེན་བྱས་ཏེ། སྤྱི་ཚོགས་འགན་སྲུང་དང་། འགན་བཅོལ། རྒྱུ་ནོར་བདག་གཉེར་སོགས་ཀྱི་མ་དངུལ་ཁྲོམ་རར་ཞུགས་རྒྱུར་འགག་གནད་ཤར་གཏོང་ཐུབ་པ་བྱེད་དགོས། རྐང་དངུལ་འཛིན་ལོར་ཚོང་རར་ཞུགས་པའི་སྒྲིལ་ཉོ་བསྐྱར་སྒྲིག་ལ་རྒྱབ་སྐྱོར་བྱེད་པ་དང་། གཞུང་བསྡུས་ཐེབས་རྩ་བསྒྱུར་བཅོས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་ནས། མ་དངུལ་འཇོག་མཁན་འབྲིང་ཆུང་ལ་སྲུང་སྐྱོང་བྱེད་པའི་སྲིད་ཇུས་དང་བྱ་ཐབས་ཞིབ་འཇུག་བྱས་ནས་འདོན་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག ཁེ་ལས་དཀའ་ངལ་ལས་སྒྲོལ་རོགས་བྱས་ཏེ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཁྲིམས་འཛིན་དང་ལྟ་སྐུལ་དོ་དམ་གྱི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་དགོས། དམངས་གཉེར་དཔལ་འབྱོར་སྐུལ་སྤེལ་གྱི་བཅའ་ཁྲིམས་བཏོན་ནས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་བསྐྲུན་དགོས། འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ་གཉིས་ཟུང་འབྲེལ་བྱེད་པ་དང་། ཡོང་འབབ་འབྲིང་བ་དང་དམའ་བའི་མི་ཚོགས་ཀྱི་ཡོང་འབབ་འཕར་སྣོན་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། འཛད་སྤྱོད་གྲུབ་གཞི་ལེགས་སུ་གཏོང་དགོས། འཛད་སྤྱོད་ཀྱི་ལས་རྣམ་གསར་པ་གསོ་སྐྱོང་བྱ་དགོས། སྤྱི་ཚོགས་སྟོབས་ཤུགས་ཀྱིས་རྒན་གསོ་དང་བཅོལ་གསོའི་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་དགོས་པ་དང་། བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བར་དམ་འཛིན་བྱེད་དགོས། མ་རྩ་ནང་འདྲེན་དང་མ་རྩ་བརྟན་པོ་ཡོང་ཤུགས་ཆེ་རུ་གཏོང་བ་དང་། བཟོ་སྐྲུན་ལས་རིགས་ཁྱབ་ཁོངས་ཀྱི་ཕྱི་དངུལ་ཞུགས་འཐུས་སོགས་ཀྱི་བསྒྱུར་བཅོས་བྱ་ཐབས་ལ་སྐུལ་འདེད་གཏོང་བ་དང་ལག་བསྟར་བྱ་རྒྱུར་དམ་འཛིན་བྱས་ནས། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྔར་བས་ལེགས་སུ་གཏོང་དགོས་ཞེས་བསྟན་ཡོད།
ཚོགས་འདུའི་ཐོག དམངས་འཚོའི་མཐའ་ཚད་བརྟན་པོ་བསྲུངས་ནས་ལོ་འདི་རང་གི་མཐོ་སློབ་སློབ་ཐོན་སློབ་མ་དང་། ཞིང་པ་ལས་མི། དབུལ་གྲོལ་མི་འབོར། ལས་ཞུགས་བྱེད་མཁན་མེད་པའི་ཁྱིམ་ཚང་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་གཙོ་གནད་ཐོག་ཡག་པོ་སྒྲུབ་དགོས་པ་དང་། ལོ་ན་ཆེ་བ་དང་། དབང་པོ་སྐྱོན་ཅན། དུས་ཡུན་རིང་པོ་ལས་ཤོར་སོགས་ལས་ཞུགས་ཐད་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། ཡོང་འབབ་དམའ་བའི་མི་འབོར་ལ་རོགས་སྐྱོབ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟའ་བཅའ་དང་ཆུ། གློག རླངས། ཚ་ནུས་སོགས་གལ་ཆེའི་དངོས་ཟོག་མཁོ་འདོན་དང་རིན་གོང་བརྟན་པོ་ཡོང་བར་དམ་འཛིན་ཡག་པོ་བྱེད་དགོས། འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་དམ་འཛིན་ཏན་ཏིག་བྱེད་པ་དང་། ཞིང་པའི་འབབ་འཕར་ལ་སེམས་ཁུར་བྱེད་པ། སྟོན་དགུན་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་དགོས་ཞེས་ནན་སྟོན་བྱས་ཡོད།
ཚོགས་འདུའི་ཐོག ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཐོག ལས་དོན་བསྒྲུབ་རྒྱུ་ཨང་དང་པོར་འཇོག་པ་དང་ཀུན་སེམས་གཅིག་མཐུན་ཡོང་བ་བྱས་ཤིང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ལེགས་ཕྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས། འགག་སྒྲོལ་དཀའ་སེལ་བྱེད་རིང་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་དང་གྲུབ་འབྲས་ཐོབ་པ་བྱེད་དགོས། མི་འདེམས་མི་སྤྱོད་ཀྱི་ཕྱོགས་སྟོན་ཚད་གཞི་ཡག་པོ་འཛུགས་པ་དང་། “དབྱེ་བ་འབྱེད་དགོས་པ་གསུམ”དོན་འཁྱོལ་ནན་ཏན་བྱས་ཏེ། འགན་འཁྲི་ཁུར་མཁན་ལ་འགན་འཁྲི་འཁུར་བ་དང་ལས་དོན་སྒྲུབ་མཁན་ལ་རྒྱབ་སྐྱོར་བྱེད་དགོས། དཔལ་འབྱོར་གྱི་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས། སྐུལ་ཁྲིད་དང་ཀ་རྟེན་གྱི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
ཚོགས་འདུའི་ཐོག་ད་དུང་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།