རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-27   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།
གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དང་ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་ཀྱི་མེ་ཏོག་མཆོད་སྟེགས་ལ་ལྟ་བ་ནི་མི་མང་པོ་ཞིག་གི་རྒྱལ་སྟོན་དུས་ཆེན་རིང་གི་ཡུལ་སྐོར་བྱེད་སྟངས་ཤིག་རེད། ཟླ9པའི་ཚེས25ཉིན།“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་ལྟེ་གནས་སུ་བཤམས་ཡོད་ལ། ལངས་གཟུགས་ཀྱི་མེ་ཏོག་མཆོད་སྟེགས་ཁག10ཡིས་ཁྲང་ཨན་ཁྲོམ་གཞུང་ལེགས་པར་བརྒྱན་ཡོད།
1984ལོ་ནས་བཟུང་། ལོ་རེའི་རྒྱལ་སྟོན་དུས་ཆེན་སྐབས་མེ་ཏོག་མཆོད་སྟེགས་ཀྱིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལེགས་པར་བརྒྱན་ཞིང་། ལོ་ལྟར་གྱི་མེ་ཏོག་མཆོད་སྟེགས་ཚང་མས་ལོ་དེའི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་དང་བཀྲག་མདངས་འཚེར་ས་གསར་པ་དག་ཇུས་འགོད་བྱ་གཞི་གཙོ་བོར་བྱས་ནས། མེ་ཏོག་སི་ར་རེ་རེ་ལས་རྒྱལ་ཁབ་དང་མི་དམངས་ཀྱི་དོན་ཆེན་དང་བཀྲ་ཤིས་པའི་བྱ་བ་དག་མངོན་ཐབས་བྱེད་ཀྱི་ཡོད། ལོ་ངོ40ཡི་རིང་སྔོན་ཆད་ཀྱི་གཞི་རྒྱུ་རྐྱང་པའི་ངོས་མཉམ་མེ་ཏོག་མཆོད་སྟེགས་དག་ད་ཆ་ཚོན་མདོག་དེ་བས་སྣ་ཚོགས་པ་དང་། བཟོ་དབྱིབས་དེ་བས་ལེགས་པ། ནང་དོན་དེ་བས་ཕུན་སུམ་ཚོགས་པ་བཅས་ཀྱི་ལངས་གཟུགས་མེ་ཏོག་མཆོད་སྟེགས་སུ་འགྱུར་ཡོད་ལ། ལོ་རྒྱུས་ཀྱི་ཐིག་ཤིང་དེ་དག་ལས་དུས་རབས་ཀྱི་འཕེལ་རྒྱས་འགྲོ་ཚུལ་དག་ཀྱང་ལེགས་པར་མངོན་ཡོད།
ཟླ9པའི་ཚེས25ཉིན་པར་བརྒྱབ་པའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོ།
འདི་ལོའི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོ་དེའི་མཐོ་ཚད་ལ་སྨི18ཡོད་ཅིང་། བཀྲ་ཤིས་རྟེན་འབྲེལ་མཚོན་པའི་སྔོ་ཚལ་དང་ཤིང་ཏོག་སི་རས་མཛེས་ལྗོངས་གཙོ་བོར་བྱས་པ་དང་། སི་རའི་ནང་སྲོལ་རྒྱུན་གྱི་ཤིང་པད་མ་དང་རྒྱ་སེའི་མེ་ཏོག་སོགས་ཕུད། ཀ་བེད་དང་། ནན་ཀྭ སུར་པན་སོགས་སྔོ་ཚལ་དང་ཤིང་ཏོག་རིགས་ཐོག་མར་སྤྱད་དེ་བཀྲ་ཤིས་རྟེན་འབྲེལ་དང་། ལོ་ལེགས། ཡག་ཐོག་ཡག་བརྩེགས་བཅས་ཀྱི་སྨོན་འདུན་བཟང་པོ་ཞིག་མཚོན་ཡོད།
1984ལོར། གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མེ་ཏོག་མཆོད་སྟེགས་ཐོག་མར་མངོན་ཏེ་མེ་ཏོག་གི་དར་མདུད་དང་མེ་ཏོག་ཚོམ་བུ་སྒྲིག་པའི་རྣམ་པའི་ཐོག་ནས་མངོན་རྒྱུ་ཙམ་རེད་ལ། མེ་ཏོག་གི་ཁ་དོག་ཀྱང་བལྟོས་བཅས་ཀྱིས་སྣ་རྐྱང་རེད། 1986ལོའི་རྒྱལ་སྟོན་སྐབས་མིང་ལ“རྨ་བྱས་སྒྲོ་གུར་ཕུབ། འབྲུག་གི་རྒྱུན་འཛིན་པ།”ཞེས་འབོད་པའི་མེ་ཏོག་མཆོད་སྟེགས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མངོན་ཞིང་། དེ་ནི་ལངས་གཟུགས་མེ་ཏོག་མཆོད་སྟེགས་འཛུགས་པའི་ཚོད་ལྟ་བྱེད་ཐེངས་དང་པོ་དེ་རེད། བཅོས་སྒྱུར་སྒོ་འབྱེད་མུ་མཐུད་གཏིང་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་རང་རྒྱལ་ཡང་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་ལ། རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཀྱང་དེ་དང་ཆབས་ཅིག་ཏུ་འགྱུར་བཞིན་ཡོད། 2008ལོར་སྨི10ཙམ་གྱི་སྲོལ་རྒྱུན་ལྒང་བཞུའི་དབྱིབས་ཀྱི་མེ་ཏོག་མཆོད་སྟེགས་ཤིག་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མངོན་ཡོད་ལ། བཟོ་དབྱིབས་ཀྱང་རིམ་བཞིན་འབུར་གཟུགས་ཅན་དང་བང་རིམ་ཅན་དུ་འགྱུར་ཡོད།
2012ལོའི་ཟླ9པའི་ཚེས26ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི“མེས་རྒྱལ་ལ་སྨོན་འདུན་ཞུ”ཞེས་པའི་མེ་ཏོག་སི་ར་ཆེན་པོའི་མདུན་དུ་ཡུལ་སྐོར་བས་ལྟ་སྐོར་དང་པར་རྒྱག་བཞིན་པ།
2012ལོ་ཚུན་དུ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཀྱིས“མེ་ཏོག་སི་ར་ཆེན་པོ”གཙོ་བོར་བྱས་ནས། མེ་ཏོག་སི་ར་ནས་མེ་ཏོག་དང་ཤིང་ཏོག་གི་སི་ར།“འབྲུ་ལྔ་ལོ་ལེགས”ཀྱི་མེ་ཏོག་སི་ར་ཆེན་པོ། སྔོ་ཚལ་དང་ཤིང་ཏོག་གི་སི་ར་སོགས་ཀྱི་རྣམ་པ་མང་པོ་བརྒྱུད་རིམ་པ་ལྟར་འཕེལ་རྒྱས་དང་ལོ་ལྟར་གསར་གཏོད་བྱས་པས། དུས་རབས་གསར་པའི་ཀྲུང་གོ་རྒྱང་ལམ་གསར་པར་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་པ་དང་མི་དམངས་ཀྱི་འཚོ་བ་ཡར་ངོའི་ཟླ་བཞིན་འཕེལ་བའི་རྣམ་པ་མཚོན་ཡོད།
རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཀྱི་སྤྱི་ཁྱབ་ཇུས་འགོད་པའི་འགན་ཁུར་ནས་ལོ20ལྷག་ཙམ་སོང་བའི་ལན་ཧའེ་ལང་གིས“མེ་ཏོག་མཆོད་སྟེགས་ཚང་མ་མཉམ་དུ་འབྲེལ་ཚེ་བསྐྱོད་མྱོང་བའི་རྗེས་ཤུལ་རེ་རེ་རེད་ལ། མེ་ཏོག་མཆོད་སྟེགས་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75སོང་རིང་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པའི་བསྡུས་རིས་ཤིག་ཀྱང་རེད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
ཟླ9པའི་ཚེས25ཉིན་པར་བརྒྱབ་པའི་ཁྲང་ཨན་ཁྲོམ་གཞུང་ཏུང་ཏན་བྱང་ཤར་མཚམས་སུ་གནས་པའི“གསར་གཏོད་ཀྱི་ཀྲུང་གོ”ཞེས་པའི་མེ་ཏོག་མཆོད་སྟེགས།
འདས་ཟིན་པའི་ལོ་ཟླའི་ཁྲོད་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ཐོག་མངོན་པའི་མེ་ཏོག་མཆོད་སྟེགས་མི་འདྲ་བ་དག་ལས་དུས་རབས་ཀྱི་འཕོ་འགྱུར་བལྟས་པ་ཙམ་གྱིས་མཐོང་ཐུབ།
ལག་རྩལ་དེ་བས་གསར་དུ་ཕྱིན་ཡོད། “མེ་ཏོག་མཆོད་སྟེགས་བསྐྲུན་པར་ཚན་རྩལ་ཡང་ཐོན་སྐྱེད་ནུས་ཤུགས་དང་པོ་དེ་རེད”ཅེས་པེ་ཅིང་གྲོང་ཁྱེར་མེ་ཏོག་དང་རྩི་ཤིང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་བཟོ་བཀོད་པ་ཀྲང་ཤན་ཀྲེས་བཤད་པ་དང་། ཁོང་གིས་ངོས་སྙོམས་ནས་ལངས་གཟུགས་བར་མེ་ཏོག་གི་འགོག་ནུས་དང་ཆུ་འདྲེན་ལག་རྩལ་ཐད་ཀྱི་འགག་རྩའི་དཀའ་གནད་ཚད་བརྒལ་ཡོང་བར་བྱེད་དགོས། རང་རྒྱལ་གྱི་ཚན་ཞིབ་སྟོབས་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས། གཞོང་ནང་སྡོང་ཕྲུག་འདེབས་འཛུགས་དང་ས་མེད་འདེབས་གསོ་སོགས་ཀྱི་ལག་རྩལ་ཉིན་རེ་བཞིན་བྱང་ཆུབ་ཏུ་ཕྱིན་པས་གོང་གསལ་གྱི་གནད་དོན་དེ་དག་ཐག་གཅོད་ཐུབ་སྟེ་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་མཆོད་སྟེགས་མང་པོ་གྲུབ་ཡོད། སྔོན་ཆད་མི་ཐབས་ལ་བརྟེན་ནས་ཆུ་འདྲེན་བདག་སྐྱོང་བྱེད་དགོས་ལ། ད་ཆ་རང་འགུལ་ཅན་གྱིས་ཆུ་གྲོན་ཆུང་ངང་འདྲེན་ཐུབ་པ་མ་ཟད། མེ་ཏོག་མཆོད་སྟེགས་ཀྱི་རྒྱུ་ཆ་དག་ཀྱང་ཡང་ཡང་སྤྱོད་ཆོག་གི་ཡོད་ཅེས་བཤད།
ཚོན་མདངས་དེ་བས་མང་དུ་སོང་ཡོད། པེ་ཅིང་གྲོང་ཁྱེར་སྐྱེད་ཚལ་སྔོ་འགྱུར་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཐོག་མའི་དུས་ཀྱི་རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཐོག་སྤྱོད་པའི་མེ་ཏོག་ལ་ལེ་བརྒན་དང་། ཕྲེང་དམར། ཟེ་པྲོག་བཅས་གསུམ་ལས་མེད། འདི་ལོ་ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་ཀྱི་མེ་ཏོག་མཆོད་སྟེགས་ཁོ་ནར་སྟོན་ཐེངས་དང་པོ་ཡིན་པའི་རྩི་ཤིང་སྣ་ཁ་གསར་པ75ཡོད། ད་ཆ་རྒྱལ་སྟོན་མེ་ཏོག་མཆོད་སྟེགས་བཟོ་སྐབས་རྒྱུན་དུ་སྤྱོད་པའི་རྩི་ཤིང་གི་སྣ་ཁ་བརྒྱ་ལྷག་ཙམ་ཟིན་ནས“སྣ་ཁ་རང་མོས”དང“མེ་ཏོག་གི་ཚོན་མདོག་རང་མོས”“བཟོ་དབྱིབས་ཆུང་ངུ་རང་མོས”བཅས་ཡོད། “མེ་ཏོག་མཆོད་སྟེགས་ཀྱི་ཚོན་མདོག་ནི་ང་ཚོའི་གྱོན་ཆས་ཀྱི་ཚོན་མདོག་ལྟར་དེ་སྔའི་ཁེར་རྐྱང་ནས་ད་ཆའི་ཚོན་མདོག་རྣམ་པར་བཀྲ་བར་གྱུར་ཡོད་པ་དེ་ཐོག་ནས་ང་ཚོའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་མཚོན་ཡོད”ཅེས་དྲན་གསོ་བྱེད་བཞིན་བཤད།
བརྗོད་བྱ་དེ་བས་ཆེ་རུ་ཕྱིན་ཡོད། ལོ་ལྟར་གྱི་རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཇུས་འགོད་ཀྱི་གཞི་རྒྱུ་ལེགས་སྒྲིག་བྱེད་སྐབས་དེའི་ནང་དོན་མཚོན་སྟངས་རྒྱུན་མཐུད་ཕུན་སུམ་ཇེ་ཚོགས་སུ་ཕྱིན་པ་ཤེས་རྟོགས་བྱུང་ཡོད། ཀྲུང་གོའི་འབྲུག་དང་། འབྲི་ཆུ། ལྕགས་རི་རིང་པོ། པེ་ཅིང་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་རྟགས། སྤྲིན་བཟང་། ཀྲུང་གོའི་མདུད་པ་སོགས་ཀྱི་གོ་དོན་ནས་འདི་ལོའི་ཟླ་བའི་ལྷ་མོ་ཨང་དྲུག་པ་དང་། མི་མེད་པའི་ཟོག་འདྲེན་རླངས་འཁོར། མེ་ཏོག་ལྡུམ་རའི་གྲོང་ཁྱེར། རི་ཐོག་རྐང་འཁོར་གཏོང་མཁན་ལུས་རྩལ་པ། སྙེ་མའི་འོག་ཚ་གཡོལ་བྱེད་མཁན་གྱི་ཞིང་པ། རླབས་གཤགས་མདུན་སྐྱོད་བྱེད་མཁན་གྱི་ཟོག་འདྲེན་གྲུ་གཟིངས་སོགས་བར་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་། བདེ་ཐང་ཀྲུང་གོ་འཛུགས་སྐྲུན། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། འབྲུ་རིགས་བདེ་འཇགས་འགན་ལེན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་སོགས་ཕྱོགས་ཁག་གི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཞིབ་ཕྲ་བརྗོད་ཡོད། “རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་སྟོབས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པས། ལོ་དེ་དག་རིང་གི་རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ཀྱི་ཇུས་འགོད་རིག་ཀློང་ཡང་ཧ་ཅང་མང་པོ་ཡོད”ཅེས་ལན་ཧའེ་ལང་གིས་བཤད།
ཟླ9པའི་ཚེས25ཉིན་པར་བརྒྱབ་པའི་ཁྲང་ཨན་ཁྲོམ་གཞུང་ལམ་རྒྱུད་ཀྱི་རྒྱལ་འཛུགས་སྒོའི་ནུབ་བྱང་མཚམས་ཀྱི“གནམ་འོག་ཡོངས་སུ་དགའ་སྟོན་ཞུ”ཞེས་པའི་མེ་ཏོག་མཆོད་སྟེགས།
རྒྱུན་འཛིན་ཁྲོད་འཕེལ་རྒྱས་གཏོང་བ་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱེད་པ། རྒྱལ་སྟོན་མེ་ཏོག་མཆོད་སྟེགས་ལས་རྒྱུན་འཛིན་དང་འཕེལ་རྒྱས་རྩོད་སྒྲུབ་གཅིག་གྱུར་ཡིན་པ་མངོན་ཡོད།
ལོ40རིང་གི་མེ་ཏོག་མཆོད་སྟེགས་ནང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས། བཀྲ་ཤིས་འཆམ་མཐུན་གྱི་ཁྱད་ཆོས་བཅས་གཅིག་ཏུ་འདུས་ཡོད་པ་དེ་ནི་རྩ་བ་དང་བླ་སྲོག་ཡིན་ལ། ལག་རྩལ་གསར་པ་དང་། རྒྱུ་ཆ་གསར་པ། དེ་བཞིན་ན་གཞོན་ཅན་གྱི་མཚོན་ཚུལ་དང་དུས་རབས་ཅན་གྱི་མཚོན་ཚུལ་བཅས་ལས“མེ་ཏོག་བརྒྱུད་རྟེན་འབྲེལ་གསར་པ”བརྒྱུད་སྤྲོད་ཀྱང་བྱེད་ཀྱི་ཡོད། “ཇུས་འགོད་འདུ་ཤེས་ཀྱི་རྒྱབ་ཏུ་འགྱུར་བ་མེད་པ་ནི་ཀྲུང་ཧྭའི་རིག་གནས་ཀྱི་འཕེལ་རྒྱུན་ཡིན་ལ། འགྱུར་བ་བྱུང་བ་ནི་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་འགྲོ་བའི་རྣམ་པ་དག་ཡིན” ཞེས་ལན་ཧའེ་ལང་གིས་བཤད།
ཟླ9པའི་ཚེས25ཉིན་གྱི་ཞོགས་པར། ཀྲེ་ཅང་ཧང་ཀྲོའུ་ནས་ཡིན་པའི་ཅང་ཧྥང་གིས་བགྲེས་སོང་གཉིས་ཁྲིད་དེ་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སླེབས་ཡོད་ཅིང་། ཁོང་གིས “ངའི་ཕ་མ་གཉིས་འདི་ལོ་ལོ75ལ་སླེབས་ཡོད་པས། ཀྲུང་གོ་གསར་པ་དང་ན་མཉམ་རེད། དེ་རིང་ཁོང་ཚོ་ཁྲིད་དེ་མེ་ཏོག་གི་སི་ར་ཆེན་པོ་དང་མཉམ་དུ་དྲན་རྟེན་པར་རྒྱག་པར་ཡོང་བས་དོན་སྙིང་ཆེན་པོ་འདུག”ཅེས་བཤད།
ལོ་ལྟར་སི་རའི་ཐོག་མེ་ཏོག་མི་འདྲ་བ་སྣ་ཚོགས་སྒྲིག་གི་ཡོད་ཅིང་། མེ་ཏོག་མཆོད་སྟེགས་འདི་ནས་མཆོད་སྟེགས་གཞན་དག་ལ་བལྟས་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི“བརྗིད་ཆེའི་སྟོབས་ཤུགས”མཐོང་ཐུབ་ལ། ང་ཚོས་ཏན་ཏིག་ངང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི“ངོ་མཚར་གཏམ་རྒྱུད”དག་ཀྱང་མཐོང་ཐུབ།