ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་གནང་ནས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-29   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་པོ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

ལི་ཆང་གིས་གཙོ་སྐྱོང་གནང་བ་དང་། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་པ།

    

    ཟླ་9ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།


            

    ཟླ་9ཚེས་27ཉིན། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་ཤིང་། འདི་ནི་ཞི་ཅིན་ཕིང་སོགས་ཀྱིས་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་གནང་བཞིན་པ།


    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། ཏང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་འབད་འཐབ་ལྷོད་མེད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་བ་དང་། ཝང་ཧུའུ་ཉིང་གིས་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་གནང་བ། ཀྲའོ་ལེ་ཅི་དང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཞུགས་པ་རེད།

    སྔ་དྲོའི་ཆུ་ཚོད་10པར་ཚོགས་ཆེན་འགོ་ཚུགས་པ་དང་། ཚང་མ་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།

ཝང་ཧུའུ་ཉིང་གིས《རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མཉམ་སྡེབ་དང་དཔེ་བཟང་མི་སྒེར་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས》སྒྲོག་སྦྱངས་གནང་བ་དང་། དཔེ་བཟང་མཉམ་སྡེབ་352དང་དཔེ་བཟང་མི་སྒེར་368ལ་གཟེངས་བསྟོད་གནང་བ་རེད།

    སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲའི་ཁྲོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་དང་ཐོག་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་མཉམ་སྡེབ་དང་མི་སྒེར་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་པ་དང་། མི་རིགས་ལས་དོན་འཐབ་ཕྱོགས་ཀྱི་བློ་མཐུན་ཚོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཕྱོགས་ཁག་གི་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོ་གུང་ཁྲན་ཏང་གིས་སྔར་ནས་བཟུང་མི་རིགས་ལས་དོན་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ལོ་ངོ་བརྒྱ་ལྷག་ཙམ་རིང་། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དེ་ཀྲུང་གོའི་མི་རིགས་གནད་དོན་གྱི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་དང་། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུར་བསྐྱོད་ཡོད། ལམ་བུ་འདིའི་ཐོག་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱེད་པ་དང་། མི་རིགས་ཁག་དབར་གྱི་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་པ། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་གྲངས་ཉུང་མི་རིགས་མང་ཚོགས་ཀྱི་འཚོ་བར་སྔར་བྱུང་མ་མྱོང་བའི་ཡར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་པས།

    རང་རྒྱལ་གྱི་གྲངས་ཉུང་མི་རིགས་ཀྱི་རྣམ་པ་དང་། མི་རིགས་ས་ཁུལ་གྱི་རྣམ་པ། མི་རིགས་འབྲེལ་བའི་རྣམ་པ། ཀྲུང་ཧྭ་མི་རིགས་ཀྱི་རྣམ་པ་བཅས་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་དུ་འགྱུར་བར་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་སྟེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་དེ་དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་གྱི་གཙོ་རྐང་དང་མི་རིགས་ས་ཁུལ་གྱི་ལས་དོན་ཁག་གི་གཙོ་རྐང་དུ་འཛིན་དགོས་པ་ཁ་གསལ་བཏོན་པ་དང་། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཏང་གི་དགོངས་པ་གལ་ཆེན་གྲུབ་པ། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱང་ལམ་གསར་པར་སྐྱོད་པ་བཅས་བྱས་པས། ཏང་གི་མི་རིགས་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ཁྱད་ཆོས་ལ་བརྟེན་ནས་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་འགྲོ་ལམ་གྱིས་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་སྤྱི་ཡོངས་ཀྱི་ཁེ་ཕན་ལ་དམིགས་ཏེ། ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་མི་རིགས་ཁག་གོང་བུ་གཅིག་ཏུ་བསྒྲིལ་བས། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་བྱུང་བ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་དང་མི་རིགས་ལ་གཉའ་གནོན་དང་མི་རིགས་ལ་མཐོང་ཆུང་བྱེད་པར་ངོ་རྒོལ་བྱས་ཏེ། མི་རིགས་ཁག་གི་མི་དམངས་ལ་འདྲ་མཉམ་གྱི་ཆབ་སྲིད་ཁེ་དབང་ངོ་མ་ཐོབ་པ་དང་ཐུན་མོང་ཐོག་རང་ཁྱིམ་རང་བདག་ཡོང་བར་འགན་ལེན་བྱས་པ། རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་དང་མི་རིགས་ས་ཁོངས་རང་སྐྱོང་ལག་ལེན་བསྟར་རྒྱུའི་འབྲེལ་བར་སྟངས་འཛིན་ཡང་དག་བྱས་ནས། གཅིག་གྱུར་དང་རང་སྐྱོང་ཟུང་འབྲེལ་དང་། མི་རིགས་ཀྱི་གྲུབ་ཆ་དང་ས་ཁོངས་ཀྱི་གྲུབ་ཆ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཀྲུང་ཧྭ་མི་རིགས་འདི་ཉིད་ཁས་ལེན་ཐོབ་ཚད་དེ་བས་མཐོ་བ་དང་གོང་བུ་སྒྲིལ་ཤུགས་དེ་བས་ཆེ་བའི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་ཡོད། འགྲོ་ལམ་དེ་ནི་རྦད་དེ་ཡང་དག་པ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་ཐུབ་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ནི་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་མི་རིགས་རླབས་པོ་ཆེ་ཞིག་ཡིན་ཞིང་། མི་རིགས་ཁག་གིས་ཐུན་མོང་ཐོག་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་བའི་ས་ཁོངས་བཏོད་པ་དང་། ཐུན་མོང་ཐོག་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་བསྐྲུན་པ། ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་གོའི་ལོ་རྒྱུས་བརྩམས་པ། ཐུན་མོང་ཐོག་འོད་སྟོང་འཕྲོ་བའི་ཀྲུང་ཧྭའི་རིག་གནས་བཏོད་པ། ཐུན་མོང་ཐོག་མི་རིགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་སྐྱེད་སྲིང་བྱས་ཡོད། མི་རིགས་ཁག་གི་ཁྲག་རྒྱུན་མཉམ་འདྲེས་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་རྨང་རྡོ་ལྟ་བུ་ཡིན། མི་རིགས་ཁག་གི་དད་སེམས་གཅིག་མཚུངས་ཡིན་པ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་མང་བའི་གཅིག་གྱུར་གྱི་རྒྱལ་ཁབ་སྐྲུན་པའི་ནང་སྐྱེས་ཀྱི་སྒུལ་ཤུགས་ཤིག་ཡིན། མི་རིགས་ཁག་གི་རིག་གནས་ཕན་ཚུན་འབྲེལ་མཐུད་ཡིན་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་སྣ་མང་གཞི་གཅིག་གི་ཤེས་དཔལ་གྱི་རྣམ་པ་གཏོད་པའི་རིག་གནས་ཀྱི་གཞི་རྒྱུ་ཞིག་ཡིན། མི་རིགས་ཁག་གི་དཔལ་འབྱོར་གཅིག་ལ་གཅིག་བརྟེན་ཡིན་པ་ནི་ཀྲུང་ཧྭ་མི་རིགས་ཀྱིས་གཅིག་གྱུར་གྱི་དཔལ་འབྱོར་སྡེ་གཞི་འཛུགས་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། མི་རིགས་ཁག་དབར་གྱི་བརྩེ་སེམས་ཟབ་མོ་ནི་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྲ་ཞིང་བརྟན་པའི་འབྲེལ་ཐག་ཅིག་ཡིན། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་བྱུང་བ་ནི་མི་སེམས་ཀྱི་གཏད་ཕྱོགས་དང་། དུས་ཀྱི་འཁོར་ཕྱོགས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་བཅས་ཡིན།

    ཞི་ཅིན་ཕིང་གིས་གསུངས་དོན། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་རིགས་ཁག་གི་མང་ཚོགས་ལ་ཁྲིད་སྟོན་བྱས་ཏེ་རླབས་ཆེན་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་བྱེད་ཚད་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས། སྐྱིད་སྡུག་མཉམ་མྱོང་དང་། ཁྲེལ་གྲགས་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་མི་རིགས་ཁག་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་ཧུར་ཐག་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྲིད་སྟོན་དུ་བྱས་ཏེ་རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོ་གཏིང་ཟབ་སྤེལ་བ་དང་། མི་རིགས་ཁག་གི་མང་ཚོགས་ལ་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། གཞོན་ནུ་ལོ་ཆུང་ལ་ལོ་རྒྱུས་ཀྱི་རིག་གནས་སློབ་གསོ་སྤེལ་བར་ཤུགས་སྣོན་རྒྱག་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་མི་རིགས་གཅིག་ཀྱང་མ་ལུས་པར་བྱེད་དགོས། མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ས་ཁུལ་ཁག་གི་དཔལ་འབྱོར་དེ་བས་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་ཐུབ་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་ཐུན་མོང་ཐོག་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱེད་དགོས། འཕེལ་རྒྱས་གཏོང་རིང་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དམངས་འདུན་སྒྲུབ་པ་དང་། དམངས་འཚོར་ཕན་པ། དམངས་སེམས་དྲོས་པ་བཅས་ཀྱི་དོན་དངོས་མང་ཙམ་བསྒྲུབས་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་རིགས་ཁག་གི་མི་དམངས་ཀྱི་རེ་འདོད་ཟམ་མི་ཆད་པར་སྐོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་རིགས་ཁག་ཕྱོགས་ཡོངས་ནས་མཉམ་འདྲེས་ཐུབ་པར་སྐུལ་འདེད་བཏང་ནས་མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་འཆར་འགོད་དང་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་ལ་སྤྱི་འདོམས་བྱེད་པ་དང་། མཐའ་མཚམས་དང་མི་རིགས་ས་ཁུལ་གྱི་འགྲིམ་འགྲུལ་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཧུར་ཐག་གཏོང་བ། མི་རིགས་ཁག་གི་མི་འབོར་རྒྱུན་འཁོར་མཉམ་འདྲེས་ཡོང་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཁྲིམས་ལྟར་མི་རིགས་ལས་དོན་བཅོས་སྐྱོང་བྱས་ནས་མི་རིགས་ལས་དོན་བཅོས་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་ཁྱད་པར་ཅན་གྱི་ས་ཁོངས་ཀྱི་རྒྱབ་སྐྱོར་སྲིད་ཇུས་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་འགན་སྲུང་བཅས་བྱེད་དགོས། ཁྲིམས་སྐྱོང་ཤེས་བྱ་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་ཟབ་ཏུ་འགྲོ་བར་ཁྲིད་སྟོན་བྱེད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ་མི་རིགས་ལས་དོན་ཁྲོད་ཀྱི་གནད་དོན་གལ་ཆེན་དུས་ཐོག་ཏུ་ཞིབ་འཇུག་དང་ཐག་གཅོད་བྱེད་པ་དང་། མི་རིགས་ས་ཁུལ་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་གསོ་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པར་མཐོང་ཆེན་བཅས་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་བཟོ་བ་དང་སྔོན་ཐོན་དཔེ་མཚོན་གྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་སྤྱི་ཚོགས་ཡོངས་སུ་མི་རིགས་ཀྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་གཏོད་དགོས།

    ལི་ཆང་གིས་ཚོགས་ཆེན་གཙོ་སྐྱོང་གནང་སྐབས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་རིང་དང་ལྷག་པར་དུ་དུས་རབས་གསར་པ་ཤར་ཚུན། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེར་ཕྱོགས་ཡོངས་ནས་ཕྱོགས་སྡོམ་གནང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་གྲུབ་པ་དང་འཕེལ་རྒྱས་འགྲོ་བའི་རྩ་རྒྱུན་དང་སྲོག་རྒྱུན་གསལ་སྟོན་གཏིང་ཟབ་གནང་བ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་གནང་བར་དགོངས་པ་གཏིང་ཟབ་པ་དང་གཟིགས་རྒྱང་ཡངས་པས། དེ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་ཞིང་། ང་ཚོས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་དགོས། མི་རིགས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གཙོ་རྐང་དེར་དམ་པོར་དམིགས་པ། ཏང་གི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པར་འབད་འཐབ་ལྷོད་མེད་བྱེད་དགོས།