ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-29   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

མི་རབས་གོང་མའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས་དམ་འཇོག་རྡོ་རིང་གི་གཏམ་རྒྱུད་མུ་མཐུད་དེ་བས་ཡག་པོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་དགོས།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པར་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་སྐུལ་ལྕག་གནང་བ་དང་ཆབས་ཅིག་ཐུགས་རེ་ནན་པོ་ཡང་བཅོལ་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། 1951ལོར་ཁྱེད་ཚོའི་མི་རབས་གོང་མ་ཚུད་པའི་མི་རིགས་ཁག་གི་འཐུས་མིས་རྡོ་རིང་བཙུགས་ནས་བློ་གཅིག་སེམས་གཅིག་ངང་ཏང་གི་རྗེས་སུ་འབྲང་བའི་དམ་བཅའ་བརྟན་པོ་བཞག་ཡོད། ལོ་70ལྷག་ཙམ་རིང་། མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་ཁ་ཏང་ལ་ཕྱོགས་པ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསོན་ཉམས་དོད་པའི་ལེའུ་བརྩམས་ཡོད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེ་མོ་ཞིག་ཡིན་ཞིང་། མི་རིགས་ལྔ་བཅུ་ང་དྲུག་ནི་ཕན་ཚུན་མཛའ་ཞིང་བརྩེ་བའི་ཁྱིམ་ཚང་གཅིག་གི་མི་ཡིན། ཁྱེད་ཚོས་མི་རབས་གོང་མའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས་དམ་འཇོག་རྡོ་རིང་གི་གཏམ་རྒྱུད་མུ་མཐུད་དེ་བས་ཡག་པོ་བརྩམས་ཏེ་མི་རིགས་མཐུན་སྒྲིལ་གྱི་གཏམ་བཟང་མི་རབས་ནས་མི་རབས་བར་བརྒྱུད་སྤེལ་བྱེད་པའི་རེ་བ་ཡོད། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བློ་ལ་བརྟན་པོར་ངེས་པ་དང་ཁྲག་རྒྱུན་ནང་མཉམ་འདྲེས་བྱས་ནས། མེས་རྒྱལ་གྱི་མངའ་ཁོངས་ས་ཆ་མཉམ་དུ་སྲུང་བ་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཇི་ཙམ་བཞད་པ་དེ་ཙམ་གྱིས་མཚར་སྡུག་ལྡན་པར་འགྱུར་བ་བྱེད་དགོས།

    1950ལོར། ཡུན་ནན་ཕུའུ་ཨེར་ཀྲོན་ཆུས་ཀྱི་མི་རིགས་ཁག་གི་འཐུས་མི་གདན་ཞུས་ལྟར་པེ་ཅིང་དུ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་གཅིག་འཁོར་བའི་རྟེན་འབྲེལ་མཛད་སྒོར་ཞུགས་པ་དང་། མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཀྱིས་བྱམས་བརྩེའི་མཇལ་འཕྲད་གནང་ཡོད། 1951ལོའི་གནམ་ལོ་གསར་ཚེས་སྐབས་སུ། ཕུའུ་ཨེར་ཀྲོན་ཆུས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་དམ་འཇོག་ཚོགས་ཆེན་འཚོགས་ནས་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྟར་དམ་འཇོག་རྡོ་རིང་བཙུགས་ཏེ“བློ་གཅིག་སེམས་གཅིག་དང་མཐུན་སྒྲིལ་མཐར་ཕྱིན་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འདྲ་མཉམ་དང་། རང་དབང་། བདེ་སྐྱིད་བཅས་ལྡན་པའི་ཁྱིམ་ཚང་ཆེ་མོ་སྐྲུན་ཆེད་འབད་འཐབ་བྱེད་རྒྱུའི་དམ་བཅའ་འཇོག་གི་ཡིན”ཞེས་བརྗོད་ཅིང་། མི་རིགས་ཁག་གི་འཐུས་མི་48ཀྱིས་རྡོ་རིང་སྟེང་མིང་རྟགས་བཀོད་ཡོད། ཉེ་ཆར། ཕུའུ་ཨེར་མི་རིགས་མཐུན་སྒྲིལ་དམ་འཇོག་རྡོ་རིང་མདུན་དུ་དམ་བཅའ་འཇོག་མཁན་འཐུས་མིའི་རྗེས་རབས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ། ཏང་གི་འགོ་ཁྲིད་འོག་ས་གནས་དེ་གའི་མི་རིགས་ཁག་གི་མང་ཚོགས་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་པའི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ། དམ་བཅའ་བློ་ལ་བརྟན་པོར་བཅངས་ནས་ཏང་གི་རྗེས་སུ་འབྲངས་ཏེ་མི་རིགས་མཐུན་སྒྲིལ་དང་མཐའ་མཚམས་དར་རྒྱས་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།