སེམས་ཀྱི་ཉི་ཟླ་ས་མཐོའི་ལྗང་མདོག་ནུས་རྒྱུའི་ཚན་རྩལ་ཐོན་ལས་གླིང་གི་སྒོ་བྱང་བཀལ་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-09-29   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        ཟླ་9ཚེས་28ཉིན་སེམས་ཀྱི་ཉི་ཟླ་ས་མཐོའི་ལྗང་མདོག་ནུས་རྒྱུའི་ཚན་རྩལ་ཐོན་ལས་གླིང་གི་སྒོ་བྱང་འགེལ་བའི་མཛད་སྒོ་དང་ས་མཐོའི་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ཀྱི་བགྲོ་གླེང་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས་པ་རེད།   

        ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཡུན་ནན་རྒྱལ་སྤྱིའི་ཏང་ཨུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ཝུའུ་ཀྲི་ཆོན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

        ལུའོ་ཁྲའོ་ཧྥེང་གིས་ཉེ་བའི་ལོ་ཤས་རིང་།    བདེ་ཆེན་གྱིས“ཐཱན་གཉིས”ལས་དོན་སྣེ་ཁྲིད་དུ་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཕྱོགས་ཁག་ལ་ཁྱབ་པ་བྱེད་པ་དང་།    རྒྱལ་ཁབ་དང་ཞིང་ཆེན་གྱི་གཙང་པོ་གཉིས་རྒྱུག་ཁུལ་གྱི་ཆུ་གློག་གསར་སྤེལ་གྱི་གོ་སྐབས་གལ་ཆེན་དམ་འཛིན་བྱེད་པ།    ཆུ་ཤུགས་གློག་ཁང་གི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ།    འོད་ཤུགས་གློག་གཏོང་རྣམ་གྲངས་ལས་འགོ་འཛུགས་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ།    ནུས་རྒྱུའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། 2023ལོའི་ཟླ་7པར་བདེ་ཆེན་ཁུལ་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པའི་ཡུན་ནན་རྒྱལ་སྤྱིའི་དབར་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་ཚུན།    འབྲེལ་ཡོད་རྣམ་གྲངས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ནས་རྗེས་མཐུད་ལས་དོན་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བཟང་པོ་བཏིང་ཡོད་པ་རེད།     སེམས་ཀྱི་ཉི་ཟླ་ས་མཐོའི་ལྗང་མདོག་ནུས་རྒྱུའི་ཚན་རྩལ་ཐོན་ལས་གླིང་གི་སྒོ་བྱང་བཀལ་བ་དེས་སྲིད་གཞུང་གིས་གཙོ་ཁྲིད་བྱེད་པ་དང་ལས་རིགས་ཀྱི་གོང་འོག་ཁེ་ལས་དང་།    ཚན་ཞིབ་སྒྲིག་གཞི།    མཐོ་རིམ་སློབ་གླིང་དང་སློབ་གྲྭ་སོགས་མཉམ་དུ་ཞུགས་པའི་ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་ཐུབ་ངེས་དང་།    བདེ་ཆེན་ཐོན་ལས་ཀྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་དང་ཚན་རྩལ་གསར་གཏོད་ལ་ལས་སྟེགས་སྔར་བས་ཆེན་པོ་ཞིག་མཁོ་འདོན་ཐུབ་ངེས་ཡིན་པ།    བདེ་ཆེན་གྱི་ལྗང་མདོག་ནུས་རྒྱུ་འཕེལ་རྒྱས་ལ་སྒུལ་ཤུགས་སྔར་བས་ཆེན་པོ་ཞིག་སྣོན་ཐུབ་ངེས་རེད།    བདེ་ཆེན་གྱིས་ད་ཐེངས་ཀྱི་ཚན་རྩལ་ཐོན་ལས་གླིང་གི་སྒོ་བྱང་བཀལ་བ་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་གཉིས་པོའི་མཉམ་ལས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་བདེ་ཆེན་གྱི་ལྗང་མདོག་ནུས་རྒྱུའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཐུན་མོང་ཐོག་གཏོད་རྒྱུ་རེད་ཅེས་གསུངས་པ་རེད།  

        ཝུའུ་ཀྲི་ཆོན་གྱིས་གོམ་སྟབས་རྗེས་མར་ཡུན་ནན་རྒྱལ་སྤྱིས་བདེ་ཆེན་ཁུལ་གྱི་ས་བབ་དང་།    ཐོན་ཁུངས་ཀྱི་ལེགས་ཆ།    རྒྱལ་ཁབ་ཀྱི་གློག་ཤུགས་མ་འཇོག་ལག་རྩལ།    ཐོན་ལས་ཀྱི་ལེགས་ཆ་བཅས་འདོན་སྤེལ་གང་ལེགས་བྱས་ཏེ་ཕྱོགས་ཁག་དང་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱས་ནས་ཐོན་ལས་གླིང་དེ་ལྷོ་ནུབ་ས་ཁུལ་གྱི་སྔོན་ཐོན་དང་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོར་ཁྱབ་འགྱེད་ཐུབ་པ་དང་ནུས་རྒྱུ་གསར་པའི“འབྱུང་རྩའི་དྲ་གསོག་”ཁྲིད་ཀྱི་ཁྱབ་ཁོངས་ཁག་དང་ཞིབ་སྤེལ་བཟོ་སྐྲུན་དང་།    ཐོན་ལས་བཀོལ་སྤྱོད་ཀྱི་སྦྲེལ་ཐག་ཧྲིལ་པོའི་ཚན་ཞིབ་གསར་གཏོད་ཀྱི་དོན་དངོས་ར་སྤྲོད་ལས་སྟེགས།    ཐོན་ལས་གསོ་སྦྱོང་ལས་སྟེགས།    ཚན་ཞིབ་ཀྱི་དོན་དངོས་ར་སྤྲོད་དང་།    དངོས་སྦྱོང་།    ཐོན་ལས་བཟོ་པའི་དཔུང་ཁག་གསོ་སྦྱོང་བཅས་ལ་ཁྱབ་པའི་གསར་གཏོད་ལས་སྟེགས།    ཤེས་ལྡན་མི་སྣ་གསོ་སྐྱོང་རྟེན་གཞི་བཅས་སུ་ཧུར་ཐག་བཏོད་དེ་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རང་རྒྱལ་གྱི་ས་མཐོའི་ལྗང་མདོག་ནུས་རྒྱུའི་ཐོན་ལས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།   

        བགྲོ་གླེང་ཚོགས་འདུའི་ཐོག་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་ཚན་རིག་ལག་རྩལ་ཞིབ་འཇུག་ཁང་དང་།    ཀྲུང་གོ་རྡོ་སོལ་ས་གཤིས་སྤྱི་ཁྱབ་ཅུས་ཆུ་དཔྱད་ས་གཤིས་ཅུས།    ཤར་ཕྱོགས་གློག་ཤུགས།    དམིགས་བསལ་གློག་འདོན།    ཧྭ་ཝུའེ་གྲངས་འཛིན་ནུས་རྒྱུ།    ནན་རུའེ་ཅི་པའོ།    དབྱི་ཝེ་ཆིང་ནེང་།    ཡུན་ནན་དགེ་འོས་སློབ་ཆེན་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།   

        དེའི་རིང་ཚོགས་ཞུགས་མི་སྣས་ད་དུང་བདེ་ཆེན་ཁུལ་གྱི་ཚ་ཁུངས་ས་ཚིགས་དང་ཆིང་བཟོས་གསོ་རླུང་བཟོ་བའི་རྣམ་གྲངས་ལ་བརྟག་ཞིབ་བྱས་པ་མ་ཟད།    ལྗང་མདོག་ནུས་རྒྱུའི་སྒྲིག་ཆས་དང་ལག་རྩལ་འགྲེམས་སྟོན་ལ་ལྟ་སྐོར་ཡང་བྱས་པ་རེད།   

        ཁུལ་གྱི་འགོ་ཁྲིད་ཁྲེན་ཆུན་དང་ལིའོ་ཝུན་ཚའེ་དང་རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་དང་དེ་བཞིན་མཉམ་ལས་ཚན་པའི་འབྲེལ་ཡོད་འགན་འཁུར་བློ་མཐུན་སྒོ་བྱང་འགེལ་བའི་མཛད་སྒོར་ཞུགས་ཡོད་པ་རེད།