བོད་སྤོས་ཀྱི་ལས་སྣོན་དང་ཕན་ནུས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-02   རྩོམ་ཁུངས།    ཁམས་པའི་དྲ་བ།

    བོད་ཀྱི་སྤོས་སྦྱོར་རིག་པ་ནི་བོད་ལུགས་གསོ་བ་རིག་པ་དང་འབྲེལ་བའི་སྐྱེ་དངོས་རྣམས་ཀྱི་དྲི་གཙོ་བོ་སྦྱོར་ནས་བསྡེབས་པའི་གཞུང་ལུགས་ཀྱི་མ་ལག་ཅིག་ཡིན། མ་ལག་འདི་ནི་བོད་ཀྱི་སྐྱེ་དངོས་རིག་པ་དང་། སྲོག་ཆགས་ཀྱི་དྲི་སྦྱོར་རིག་པར་ཞིབ་འཇུག་བྱས་ནས་དཔྱད་འབྲས་སྡོམ་ཚིག་ཏུ་བཀོད་ཡོད་པ་ཞིག་ཡིན། སྐྱེ་དངོས་ལ་སྣུམ་བཅུད་ཀྱི་འདུ་ཚད་མང་བས་དྲིའི་ནུས་པ་ཡོད་པ་དང་། སྲོག་ཆགས་གླ་བའི་གླ་རྩི་སོགས་ལ་རྩི་ཡི་འདུ་ཚད་མང་བས་དྲིའི་ནུས་པ་ཁྱད་པར་ཞིག་ཡོད་པ་རེད། དེ་དག་རྐྱང་པ་བདུག་པ་ལ་རྐྱང་པའི་སྦྱོར་བ་དང་། སྨན་རྫས་མང་པོ་མཉམ་དུ་བསྡེབས་ནས་སྦྱར་བཟོ་བྱས་པའི་ཕྱེ་མ་ལ་ཕྱེ་མའི་སྦྱོར་བ་དང་། རིང་ནར་ལ་སྤོས་ཐུར་ཞེས་དྲིའི་ནུས་པ་དུ་བའི་ནང་དུ་འོང་ཐབས་བྱས་ནས་བདུག་བྱའི་སྦྱོར་བ་ལ་སྤོས་སྦྱོར་ཞེས་ཟེར་གྱིན་ཡོད་པ་རེད། 

    དང་པོ། སྤོས་སྦྱོར་གྱི་དབྱེ་བ་དང་གོ་དོན་རགས་ཙམ་བཤད་པ།

    སྤོས་སྦྱོར་ལ་བདུག་སྤོས་དང་། བྱུག་སྤོས། སྤོས་ཆབ་བམ་སྤོས་ཆུ་སོགས་ཀྱི་དབྱེ་བ་ཁ་ཤས་ཡོད་ཀྱང་། བོད་ལུགས་སྲོལ་རྒྱུན་གསོ་རིག་གི་ནང་དུ་བདུག་སྤོས་ལས་བྱུག་སྤོས་དང་། སྤོས་ཆབ་སོགས་ལ་དེ་འདྲ་ཞིབ་ཕྲ་གསུངས་ཡོད་པ་མ་མཐོང་བས། སྐབས་འདིར་བདུག་སྤོས་ཀྱི་སྐོར་ནས་ཕྱོགས་བསྡུས་ཙམ་གླེང་བར་བྱ།
    ༡ ༽བདུག་སྤོས་ཀྱི་དབྱེ་བ་བཤད་པ་ལ།
    བདུག་བྱའི་སྤོས་ལ་མཆོད་སྤོས་དང་སྨན་སྤོས་ཞེས་རིགས་གཉིས་སུ་དབྱེ་ཆོག་ལ། མཆོད་སྤོས་དང་སྨན་སྤོས་གང་ཡིན་ཡང་སྤོས་ཕྱེ་དང་། སྤོས་ཐུར་གཉིས་སུ་དབྱེ་ཆོག
    (1)སྤོས་ཐུར་ལ་ཡང་སྤོས་རིང་དང་། སྤོས་ཐུང་། སྤོས་རིལ་སོགས་ཕྲ་སྦོམ་མི་གཅིག་པ་དང་། སྤོས་ཀྱི་དབྱིབས་དང་ཁ་དོག་མི་གཅིག་པའི་རིགས་མང་པོ་ཡོད་པ་རེད།
    (2)མཆོད་སྤོས་ཀྱི་གོ་དོན་བཤད་པ།
    མཆོད་སྤོས་འདིའང་བདུག་སྤོས་ཀྱི་རིགས་ལས་མ་འདས་ཀྱང། མཆོད་སྤོས་ཞེས་པ་གཙོ་བོ་མཆོད་པའི་ཡོ་ག་དང་འབྲེལ་བའི་སྤོས་སྦྱོར་གྱི་རིགས་ལ་ཟེར། མཆོད་ཡོན་སྤོས་སྦྱོར་ཞེས་པ་ཞི་བའི་ལྷ་ཚོ་ལ་སྔོ་སྦྱོར་གཙོ་བོ་དང་། ཁྲོ་བོ་དང་གཞི་བདག་སྲུང་མའི་ཚོགས་ལ་དམར་མཆོད་དང་འབྲེལ་བའི་ནཱ་གི་དང་གླ་རྩི་སྒོག་པའི་རིགས་ཀྱི་སྤོས་སྦྱོར་སོགས་ཡོད། དེ་བཞིན་ཀླུ་མཆོད་ལ་ནཱ་གི་དང་གླ་རྩི་མི་རུང་ལ། གཟུངས་གཞུག་སོགས་ལ་ག་བུར་མང་ན་སྲིན་འབུ་མི་ཞུགས་པ་སོགས་ཀྱི་ཕན་པ་ཡོད་པ་མ་ཚད། ཞི་དྲག་གི་ལྷ་ལ་དམིགས་བསལ་སྤོས་སྦྱོར་དང་། བསང་གི་སྦྱོར་བ་སོགས་ཡོད་པ་ཤེས་པར་བྱ་དགོས། འདི་ནས་བཤད་པ་ནི་སྤོས་སྦྱོར་སྤྱི་བཤད་ཙམ་ལས་སྦྱོར་བ་གཞན་གྱི་རིགས་རྣམས་འདིར་མ་བཀོད། བོད་སྨན་རྫས་རིག་པའི་ནང་དུ་བུམ་གཏེར་དང་སྨན་སྒྲུབ། ཀླུ་མཆོད་སོགས་རྫས་ཀྱི་སྦྱོར་བ་མང་པོ་ཞིག་བཤད་ཡོད་ཀྱང་ཡིག་ཚོགས་མང་བར་དོགས་ནས་འདིར་མ་བཀོད།
     (3)སྨན་སྤོས་ཀྱི་གོ་དོན་བཤད་པ།
སྨན་སྤོས་ཞེས་པ་དེ་ནི་སྨན་གྱི་ནུས་པ་དྲི་ཡི་སྦྱོར་བ་གཙོ་བོ་བྱས་ནས་བསྡེབས་པ་ཞིག་དང་། སྐྱེ་དངོས་ཀྱི་དྲི་གཙོ་བོ་བསྡེབས་ནས་ཁྱིམ་སྤྱོད་བདུག་སྤོས་ཞེས་པའི་དབྱེ་བ་གཉིས་ཙམ་ཡོད། སྨན་སྦྱོར་གྱི་བདུག་སྤོས་མང་ཆེ་བ་ཕྱེ་མ་ཡིན་ལ། ཁྱིམ་སྤྱོད་སྤོས་སྦྱོར་མང་ཆེ་བ་སྤོས་ཐུར་ཡིན་པ་ཤེས་དགོས།
     (4)སྤོས་ཐུར་དང་སྤོས་ཕྱེ་ཞེས་པའི་གོ་དོན་བཤད་པ།
    སྤོས་ཕྱེ་ཞེས་པ་ནི་སྤོས་ཀྱི་ཡོ་བྱད་རྣམས་རགས་ཕྱེའམ་ཞིབ་འཐག་བྱས་པའི་ཕྱེ་མ་ལ་སྤོས་ཕྱེ་དང་། སྤོས་ཐུར་ཞེས་པ་རིང་བུ་གང་བདེའམ། ལྕགས་སྦུབས་སམ། གླང་རྭ་རྩེ་ལ་སྤོས་བཙིར་བུ་ག་ཕུག་ནས་ཕྱེ་མ་དེའི་ནང་དུ་དམ་རྩི་བཏབ་སྟེ་སྤོས་འདམ་བརྫི་ལ་བཙིར་གནོན་བྱས་ནས་སྤོས་ཐུར་བྱས་པ་ལ་སྤོས་རིང་ཞེས་ཟེར།
    གཉིས་པ། སྤོས་ཀྱི་དམ་རྩི་གླེང་བ།
    སྤོས་ཐུར་ལ་དམ་རྩི་མེད་ན་མི་འགྲིག་པས་དབང་ལག་ཞིབ་བཏགས་དར་ཚགས་སུ་དྲངས་ནས་སྤོས་སྦྱོར་ལ་བསྲེ་ཁར་ཆུ་ཁོལ་གྱིས་འདམ་བཏགས་དུས་ཚོད་བཞི་ཙམ་བྱས་ནས་སྤོས་ཕྱེ་ལ་བསྲེ་དགོས། དེ་ནས་སྤོས་སྨན་ཀུན་མཉམ་དུ་བསྲེས་ཏེ་ཆང་བཟང་གིས་བརྫིས་ནས་མཛུབ་རྗེས་དོད་ཙམ་ལ་འདམ་བཏགས་བྱེད་པ་གལ་ཆེ་སྟེ། ཟན་སླ་ཤོས་ཙམ་བྱས་ནས་ནམ་ཟླའི་དྲོ་གྲང་དང་བསྟུན་ཏེ་ཆང་དྲོན་གྱིས་ཉིན་གསུམ་ནས་ལྔ་ཙམ་ལ་བསྙལ་ནས་རིང་བུ་བཙིར་གནོན་བྱ། དེང་སང་མང་ཆེ་བས་ཡོ་འབོག་གི་ཕྱེ་མ་སྤོས་སྦྱོར་གྱི་དམ་རྩི་ལ་སྤྱོད་མཁན་མང་།
    གསུམ་པ། སྤོས་སྦྱོར་ལ་མཁོ་བའི་སྔོན་འགྲོའི་གྲ་སྒྲིག

    ཐོག་མར་སྤོས་སྦྱོར་གང་ཞིག་སྡེབ་སྦྱོར་བྱེད་དགོས་ཚེ། དེའི་སྦྱོར་སྡེབ་ཀྱི་སྨན་རྫས་རྣམས་མ་ནོར་མ་འཁྲུལ་བར་སྦྱོར་ཚད་དང་མཐུན་པ་འཛོམས་དགོས་པ་མ་ཚད། རགས་ཕྱེའི་འཕྲུལ་ཆས་དང་། ཞིབ་འཐག་འཕྲུལ་ཆས་གཉིས་པོ་མ་འཛོམས་ཐབས་མེད་ཡིན། དེ་ནས་ནཱ་གི་དང་གླ་རྩི་འདུལ་སྦྱོང་བྱེད་པའི་རྡོ་གཏུན་དང་རྡུང་ཐོ། སྤོས་སྐུད་འཐེན་བྱེད་ཀྱི་བཙིར་མདོང་། གནོན་བྱེད་ཀྱི་འཇའ་ཤིང་བཙིར་དབྱུག་ཆ་འགྲིག སྤོས་ཐུར་སྐམ་སྣོད་ཀྱི་ཤིང་ཁྲི་རྩེག་རིམ་ཅན། སྤོས་ཐུར་འདྲ་བྱེད་ཀྱི་ལེབ་གྲི་དང་རིང་ཐུང་མི་ཤོར་བའི་ཚད་ཤིང་དང་ཤིང་ལེབ་བཅས་དགོས།

རྡོ་གཏུན་ནམ་རྡོ་གཞུང་དང་རྡུང་ཐོ།

    བཞི་པ། སྤོས་སྦྱོར་གྱི་རྒྱུ་ཆ་གཙོ་བོ་ངོ་སྤྲོད།
    སྤོས་ཀྱི་སྦྱོར་བ་མི་གཅིག་སྟབས་སྤོས་སྤྱོར་གྱི་རྫས་ལ་རིགས་སྣ་ཚོགས་ཡོད་ཀྱང་། ཤུག་པའི་སྡོང་རྒན་གྱི་ཤིང་རུལ་ཕུབ་མ་ལྟ་བུ་དང་། ཙན་དན་དཀར་དམར། བཟང་དྲུག གུ་གུལ། ཨ་ག་རུ། སྤང་སྤོས། བྲག་སྤོས། ཤུག་པ། སྤོས་དཀར། བ་ལུ་དཀར་པོ། མཁན་པ་གསེར་མགོ ག་བུར། ནཱ་གི གླ་རྩི། ཆང་། ཤིང་ཚ། ཉ་བྲུག་ཤིང་སོགས་སྤོས་སྦྱོར་དང་བསང་རྫས་གང་ལའང་འཛོམས་དགོས་པའི་སྐྱེ་དངོས་འདི་དག་མེད་ན་ཐབས་མེད་ཡིན།
    ལྔ་བ། སྤོས་ཀྱི་འདུལ་སྦྱོང་དང་ལག་ལེན་དངོས་བཤད་པ།
    གོང་ནས་བཤད་པའི་སྤོས་སྦྱོར་གྱི་རྒྱུ་ཆ་གཙོ་བོ་དང་ཕལ་བ། ལས་སྣོན་བྱེད་པའི་རྡོ་གཞུང་དང་རྡོ་གཏུན་སོགས་འཛོམས་ཐབས་བྱས་རྗེས། སྤོས་སྦྱོར་ལ་མཁོ་བའི་སྐྱེ་དངོས་དང་སྲོག་ཆགས། ཐང་ཞིང་གི་ཚི་བའམ་ཐང་ཆུ། མེ་ཏོག་གི་ཟེའུ་འབྲུ་སོགས་ཀྱི་ལས་སྣོན་སྤྱི་བཤད་ཙམ་བཀོད་ན།
    ༡༽ཤུག་པ། སྤོས་སྦྱོར་ཐམས་ཅད་ཀྱི་གཞི་ཤུག་ཕྱེ་ཡིན་པས་ཤུག་པའི་སྡོང་རྒན་དྲི་ཞིམ་པོ་དེ་ཆུ་བརྡར་བྱས་པའི་ལྡེ་གུ་ལ་ཆུ་བསྣན་ནས་ལྷོག་བཞི་ལྔ་ཙམ་བསྐོལ་ལ་རས་བཟང་ལ་བཙགས་ཏེ་ཁུ་བ་དོར། སིག་མ་ཚག་བྱའོ་ཞེས་འཁོད་འདུག་ཀྱང་། དེང་སང་མང་ཆེ་བས་དེ་བ་ད་རུའི་སྡོང་བོ་ཞིབ་འཐག་བྱས་པའི་ཕྱེ་མ་དེ་སྤྱོད་སྲོལ་མང་།
    ༢༽ནཱ་གི མར་ཁུ་ཁོལ་ཐག་ཆོད་ནས་ལྦུ་་བ་ཆད་པའི་དྭངས་མ་ནག་པོར་མ་སོང་བར་བཙག་བཅད་ལ། དེའི་ནང་དུ་ནཱ་གུ་རྣམས་བཏབ་ལ་དཀྲུག་ཅིང་བསྲེགས་པས་ཐམས་ཅད་ཚོས་ནས་སེར་བོ་མ་སོང་གོང་ཕྱུངས་ཏེ་ཆང་ནང་ངར་བསད། སྣུམ་ཕྱིས་ལ་རྡོ་གཞོང་ཡངས་པོ་ཞིག་གི་ནང་དུ་ནཱ་གི་སྐོལ་འདུལ་ཞིབ་པར་བྱས་པའི་ཕྱེ་མ་དེའི་སུམ་འགྱུར་གྱི་བང་མང་བའི་ཆང་བཟང་པོར་གླ་རྩི༼ཀླུ་མོའི་ཕོ་བྲང་ཀླུ་དུག་གིས་གཤིག་ཅེས་པ་ལྟར་གླ་རྩི་དང་ཆང་གིས་འདུལ་སླ༽ ཐུན་གཅིག་བཏབ་པ་ཚོན་ལྟར་འདུལ། ཁ་དོག་དཀར་པོ་མ་རེད་བར་དུ་འདུལ། སེན་མོ་ལ་བསྐུས་ཏེ་བལྟས་པས་སིག་མ་སྤུ་ཙམ་ཡང་མེད་པར་ཆང་དང་དབྱེར་མེད་འོ་མ་ལྟར་འདྲེས་ན་ཚད་ལེན་རྟགས་ཡིན། བཤད་སྲོལ་ལྟར་ན། ཉི་མ་བཅུ་གཉིས་བར་དུ་ཞག་གྲངས་སུ་འདུལ་བའི་ཉིན་ལམ་དེར་དྲིའི་ནུས་པས་ཁྱབ་པར་བཤད།
ལུགས་གཞན་ཞིག་ལ་ནཱ་གི་རྒྱ་མ༢༥ལ་གླ་རྩི་ཞོ་ལྔ་བཏབ་ནས་མཉམ་དུ་ཉིན་གསུམ་འདུལ། དེ་ནས་རྡོ་དྲེགས་བཏབ་ནས་ཉིན་གསུམ་འདུལ།
    ༣༽གུ་གུལ། གུ་གུལ་ནི་རྡོ་གཞུང་ནང་དུ་ཆང་དང་སྦྱར་ལ་གྲང་འདུལ་བྱས་པས་རོ་མེད་འོ་མ་ལྟར་ཁ་དོག་དཀར་པོར་སོང་དུས་ཚད་ལེན་རྟགས་ཡིན།
    ༤༽སི་ལའང་ཆང་ནང་སྔར་ལྟར་ཚ་འདུལ་གྲང་འདུལ་གང་རུང་བྱས་ནས་དཀར་པོ་མ་སོང་བར་དུ་འདུལ།
    ༥༽གླ་རྩི་ནི་ཀླུ་དང་ས་བདག་ལ་གནོད་པས་དེའི་དུག་འདོན་སླད་གླ་རྩི་སྲང་གང་ལ། རྡོ་དྲེགས་དམར་སེར་གང་རུང་ཁེ་ལྔ་རེ་བཏབ་སྟེ་སྐོམ་འདུལ་ཞིབ་པར་བྱ། དེ་རྗེས་ཆུས་བྲན་ལ་ཚོས་ལྟར་ཆུ་དང་དབྱེར་མེད་པར་འདུལ།
    ༦༽གུར་ཀུམ། གུར་ཀུམ་ནི་དང་པོ་སྐམ་འདུལ་བྱ། དེ་ནས་ཆུ་བྲན་ལ་འདམ་བཏགས་ཇ་ཡུན་ཙམ་བྱ། དེ་ནས་ཆང་བཟང་པོ་བསྣན་ཏེ་སླར་ཡང་འདམ་འཐག་སྔ་མའི་ཡུན་ཙམ་བྱ།

    ༧༽སྦུར་ལེན། སྦུར་ལེན་ལས་སྣོན་བྱེད་བཏང་། བོང་བུའི་རྨིག་པ་ཆུ་བརྡར་བྱས་པའི་ནང་དུ་བཙོ་ལ། ཡང་ཆུ་དྭངས་མོའི་ནང་དུ་ལེན་གསུམ་ལ་བཙོས་ནས། ཆུ་ཚོད་སྐར་མ་གཅིག་ཙམ་ནས་ཆུ་འཕོས་ཏེ་གཙང་མར་བཀྲུས་ནས་སྨན་སྤོས་གང་རུང་དུ་སྦྱར་ཆོག

    དྲུག་པ། སྤོས་རིང་གི་མདོག་བསྒྱུར་སྟངས།

    དམར་པོ་རྒྱ་སྐྱེགས་ཀྱི་ཁུ་བ་ཕབས་ཏེ་ཞི་མཁན་གྱི་ལོ་མས་སྐོལ། དེའི་ཁུ་བ་ཕྱེ་མ་ལ་བཏབ་ནས་མདོག་སྒྱུར། སེར་པོ་གུར་གུམ་དང་མྱང་རྩི་སྤྲས་བསྐོལ་ནས་གོང་ལྟར་བྱ། ཡང་ན་ཙན་དན་དམར་པོ་དང་མྱང་རྩི་སྤྲས་གང་རུང་བྱ། རྒྱ་མཚལ་དུལ་མ་ཆུར་སྦངས་པའི་ཁུ་བ་ཕྱིར་བྱུག་པ་དང་། སེར་པོ་བྱེད་དགོས་ན་ཡུང་བ་བཙོས་ཁུ་བྱུག་པ། དེ་བཞིན་དམར་སེར་དགོས་ན་ལི་ཁྲིའམ་ཁ་གུར་ཁུ་བ་སོགས་བྱའོ། །
    བདུན་པ། སྤོས་སྦྱོར་གྱི་ཕན་ནུས་བཤད་པ།

    སྤོས་སྦྱོར་གྱི་ཕན་ནུས་ཕྱོགས་བསྡུས་ནི་སྦྱོར་བ་སོ་སོའི་གསལ་བཤད་ཡི་གེའི་ནང་དུ་འཁོད་ཡོད་ཀྱང་། ཞིབ་ཕྲའི་སྤོས་སྦྱོར་གྱི་ཕན་ནུས་གསལ་བཤད་ཡི་གེ་ཞིག་ཡོད་པ་མ་མཐོང་། བོད་ལུགས་གསོ་བ་རིག་པའི་སྨན་གྱི་ནུས་པ་དང་འབྲེལ་ནས་བཤད་ན།《ཤེལ་གོང་ཤེལ་ཕྲེང་ལས》འབྱུང་བསྐྱེད་རོ་ནུས་ཞུ་རྗེས་ཡོན་ཏན་ལས། ། བྱེད་དང་སྐྱེ་སའི་སྟོབས་ཀྱི་ནུས་པ་དང་། །དྲི་ཡི་ནུས་པ་གཉེན་པོའི་ནུས་པ་དང་། །རིགས་མཐུན་ནུས་པ་ཁ་དོག་དབྱིབས་མཐུན་ནུས། །རྟེན་འབྲེལ་ནུས་པ་སྨོན་ལམ་ནུས་པའོ། །ཞེས་གསུངས་པ་བཞིན། རྫས་གང་དེའི་དྲི་ཡི་ནུས་པ་མཉམ་དུ་བསྡེབས་ནས་ལས་སྣོན་བྱས་པའི་སྤོས་སྦྱོར་འདི་དག་གི་སྨན་རྫས་རེ་རེའི་ནུས་པ་དང་ཞོར་སྐྱོན་སོགས་ལ་གསལ་བཤད་ཁ་གསལ་རེ་དགོས་པ་གདོན་མི་ཟ། མེ་ཏོག་གི་ཟེའུ་འབྲུ་དང་། རྩི་སྨན། ཤིང་སྨན་སོགས་དྲི་ཡི་ནུས་པ་གཙོ་བོར་འཛིན་པའི་ག་བུར་དང་། གླ་རྩི། གུར་གུམ། ཙན་དན། ཤུག་པ། གུ་གུལ། ཛ་ཏི་སོགས་སྨན་སྣ་ཁག་གཅིག་གི་ནུས་པ་དྲི་ལས་ཤུགས་བཙན་པས། དྲི་ཡི་ནུས་པ་སོང་ཚེ་རོ་ནུས་ཀྱི་ལས་མི་ནུས་ལ། དྲི་ཡི་ལས་སུ་རུང་བ་ནི་ཙན་དན་གྱི་ནུས་པ་བསིལ་བོ་ཡིན་པས། ཙན་དན་གྱི་དྲི་ཡིས་ཁྲག་དང་ཚད་པ་ལ་ཕན་ཡང་རླུང་དང་གྲང་བའི་ནད་ལ་གནོད། དེ་བཞིན་ཙན་དན་དམར་པོས་ཁྲག་ཚད་ལ་ཕན་པ་སོགས་ཁ་དོག་གི་ལས་བྱེད་པའང་ཡོད། ཤུག་པའི་ནུས་པ་དྲོ་ལ་སྣུམ་ཤས་ཆེ་བས་རླུང་དང་གྲང་བའི་ནད་ལ་ཕན་ཡང་ཁྲག་དང་ཚད་པའི་ནད་ལ་གནོད། གླ་རྩི་གཉན་འཇམ་ཡིན་པས་ཉི་ཟེར་དང་ཁ་རླུང་གི་ནད་དུག་འགོག་པའི་ནུས་པ་ཡོད་པ་སོགས་མདོར་ན་སྨན་སྣ་རེ་རེའི་ཕན་ནུས་དང་ཞོར་སྐྱོན་སོགས་ལ་བརྟག་དགོས་པ་གལ་ཆེ་བར་འདོད།