རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-03   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚསག་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་10ཚེས་1ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་19པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་བཏང་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མདུན་ཕྱོགས་སུ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས》ཞེས་པ་བཀོད་ཡོད། འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2012ལོའི་ཟླ་11པ་ནས་2024ལོའི་ཟླ་5པའི་བར་གྱི་འབྲེལ་ཡོད་རྣམ་བཤད་གལ་ཆེན་གནད་བཏུས་ཤིག་རེད།
གསུང་རྩོམ་ནང་ནན་བཤད་བྱས་དོན། རྒྱལ་གཅེས་ནི་མི་ཡུལ་གྱི་ཆེས་ཟབ་ཤོས་དང་ཆེས་ཡུན་གནས་ཀྱི་བརྩེ་སེམས་ཤིག་ཡིན། རྒྱལ་གཅེས་རིང་ལུགས་ནི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ཀྱི་སྲོག་ཤིང་ཡིན་ཞིང་། དེས་ཀྲུང་ཧྭའི་བུ་ཕྲུག་མི་རབས་ནས་མི་རབས་ལ་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་ཕྱིར་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་ལྕག་བྱེད་བཞིན་ཡོད། ལོ་ངོ་5000ལྷག་ཙམ་རིང་། ཀྲུང་ཧྭ་མི་རིགས་ཀྱིས་བསམ་ཚོད་ལས་འདས་པའི་ཉེན་ཁ་དང་ཚོད་བགམ་གྲངས་ལས་འདས་པ་ཐེག་ཐུབ་དོན་ནི་ཐོག་མཐའ་བར་གསུམ་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཉམས་པ་མེད་པ། གཅིག་རྒྱུན་གཅིག་འཛིན་བཅས་རྒྱུན་འཁྱོངས་བྱས་པ་དང་ཀྲུང་ཧྭ་མི་རིགས་ལ་ཟབ་ཅིང་ཡུན་གནས་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སྲོལ་རྒྱུན་ལྡན་པ་དང་ཁ་འབྲལ་ཐབས་མེད། རྒྱལ་གཅེས་རིང་ལུགས་ནི་ཀྲུང་གོ་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་རིགས་ཀྱི་ལ་རྒྱ་སྲུང་སྐྱོང་བྱེད་པར་སྐུལ་ལྕག་དང་ལོ་རྒྱུས་ཀྱི་རླབས་རྒྱུན་ཁྲོད་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་ཆེན་པོ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་གྲུ་གཟིངས་འདི་རླུང་བརྟེན་རླབས་གཤག་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་སྣེ་ཁྲིད་ནས་རི་སྒུལ་མཚོ་སྐྱོམ་གྱི་ལོ་རྒྱུས་ཀྱི་སྟོབས་ཤུགས་ཆེན་པོ་དང་མདུན་སྐྱོད་ཀྱི་བགྲོད་ལམ་ཐོག་དཀའ་སྡུག་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་དར་ཆ་ཞིག་བཅས་རེད།
རྩོམ་ཡིག་ནང་བསྟན་དོན། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བར་ངེས་པར་དུ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དེ་ཡུན་གནས་གྱི་བརྗོད་དོན་གཙོ་བོར་བརྩི་བ་དང་།ངེས་པར་དུ་རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་གཅིག་གྱུར་ཡོང་བ་མཐའ་འཁྱོངས། ངེས་པར་དུ་མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་། ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་རིག་གནས་ལ་བརྩི་འཇོག་དང་རྒྱུན་འཛིན། ངེས་པར་དུ་མི་རིགས་ལ་གཞི་ཚུགས་ཤིང་འཛམ་གླིང་ལ་ཁ་ཕྱོགས་པ་མཐའ་འཁྱོངས་བཅས་བྱེད་དགོས།
རྩོམ་ཡིག་ནང་ནན་བཤད་བྱས་དོན། དུས་རབས་འཕེལ་རྒྱས་ཇི་ལྟར་ཕྱིན་རུང་ང་ཚོས་དམངས་སེམས་གཅིག་མཐུན་དང་སེམས་མཐུན་སྟོབས་སྒྲིལ་བྱེད་པའི་མི་རིགས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། ད་ཆ་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་འཛམ་གླིང་གི་ཤར་ཕྱོགས་སུ་འ གྱིང་ངེར་ལངས་ནས་སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ང་ཚོའི་རླབས་ཆེན་མེས་རྒྱལ་གྱི་གནས་བབ་ལ་གཡོ་འགུལ་གཏོང་མི་ཐུབ་ལ། སྟོབས་ཤུགས་གང་རུང་ཞིག་གིས་ཀྱང་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་ཀྱི་གོམ་སྟབས་ལ་བཀག་འགོག་བྱེད་མི་ཐུབ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དཀའ་ངལ་ལ་མི་སྐྲག་པ་དང་། དཀའ་ཉེན་ལ་མི་ཞུམ་པ། འཐབ་རྩོད་བྱེད་ཕོད་པ། རྒྱལ་ཁ་ལེན་ཕོད་པ་བཅས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། མི་དམངས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མདུན་ཕྱོགས་སུ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།