ཧི་མ་ལ་ཡའི་རི་རྒྱུད་ཀྱི་རིགས་གཞུང་གླེང་སྟེགས་གལ་ཆེན་ཞིག་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-03   རྩོམ་ཁུངས།    ཁམས་པའི་བརྙན་ཁང་།

        

    ཟླ་བཅུ་པའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱབ་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་གླེང་སྟེགས་སྐབས་གཉིས་པ་ནི་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་རུ་སྤེལ་བ་རེད། 

    ཐེངས་འདིའི་གླེང་སྟེགས་ནི་སི་ཁྲོན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་སྤྱི་བའི་དོ་དམ་སློབ་གླིང་དང་། ཀ་ཏ་མན་རྡུ་མི་ཆོས་སློབ་ཆེན་གྱི་སྐད་བརྡ་དང་སྤྱི་བའི་ཁྱབ་སྤེལ་ཚན་ཁག ཁམས་པའི་བརྙན་འཕྲིན་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། སི་ཁྲོན་གློག་རྡུལ་ཚན་རྩལ་སློབ་ཆེན་དང་ཀ་ཏ་མན་རྡུ་སློབ་ཆེན་གྱི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཁྱབ་སྤེལ་ལྟེ་གནས་དང་། གྲངས་རིག་སྤྱི་བའི་བཅོས་སྐྱོང་གི་སི་ཁྲོན་ཞིང་ཆེན་གྱི་མཚན་ཉིད་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཚོད་ལྟ་ཁང་། སི་ཁྲོན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་ས་ཁོངས་སྤྱི་བའི་དོ་དམ་ཆ་འཕྲིན་ཅན་ཞིབ་འཇུག་ལྟེ་གནས། སི་ཁྲོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་གི་གྲངས་ཀའི་རིག་གནས་དང་འཕྲིན་སྦྱོར་གཙོ་གནད་ཞིབ་འཇུག་རྟེན་གཞི་བཅས་ཀྱིས་འགན་སྒྲུབ་བྱས་པ་རེད། 

            

    གླེང་སྟེགས་ཐོག་བལ་བོ་དང་ཨ་རི། རྒྱ་གར། དབྱིན་ཇི། ཕ་ཀི་སི་ཐན། སང་གྷ་ལ། འབྲུག་ཡུལ་སོགས་ཀྱི་རྒྱལ་ཁབ་དང་། ཆིང་ཧྭ་སློབ་ཆེན་དང་། པེ་ཅིན་སློབ་ཆེན། ཀྲེ་ཅང་སློབ་ཆེན། ཧྥུའུ་ཏན་སློབ་ཆེན་སོགས་སློབ་གྲྭ་ཆེན་མོའི་རིག་གཞུང་ལས་རིགས་ཀྱི་ཆེད་མཁས་པ་བརྒྱ་ལྷག་གདན་དྲངས་ནས། ༼ ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང༽་དང་། ༼རིག་གནས་བརྒལ་བའི་ཁྱབ་སྤེལ་དང་རིགས་རྒྱུད་སྤེལ་རེས་མཉམ་འདྲེས།༽ ༼གྲངས་ཀ་ཅན་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འཕེལ་རྒྱས།༽ ༼ས་ཁོངས་འཕེལ་རྒྱས་དང་མཉམ་ལས་བཅོས་སྐྱོང༽་སོགས་ཀྱི་གཙོ་གནད་གླེང་གཞི་ལ་མཉམ་དུ་བགྲོ་གླེང་བྱས་ཏེ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་དར་རྒྱས་གོང་འཕེལ་ལ་མཉམ་དུ་བློ་དང་སྟོབས་ཤུགས་ཕུལ་བ་རེད།


    ཆིང་ཧྭ་སློབ་ཆེན་གྱི་རྒྱལ་སྤྱིའི་ཁྱབ་སྤེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན། དགེ་རྒན་མོ་ཆེན་ལི་ཞི་ཀོང་ལགས་ཀྱིས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁོངས་རྒྱ་ཆེ་བ་དང་མི་འབོར་མང་བ་རེད། གླེང་སྟེགས་འདི་སྤེལ་བ་ཡིས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་བར་ཕན་ཚུན་རྒྱུས་ལོན་དང་ངོས་ཟིན་ཆེ་རུ་གཏོང་བ་དང་། ས་ཁོངས་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དེ་ལ་བརྟེན་ནས་ཧི་མ་ལ་ཡའི་རི་རྒྱུད་ནི་འཛམ་གླིང་ལ་འབྲེལ་འདྲིས་བྱེད་པའི་གསེར་ཟམ་དང་འགྲོད་ལམ་གལ་ཆེན་ཞིག་ཏུ་འགྱུར་བ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། 

    ཕ་ཀི་སི་ཐན་ཀྲེན་ནཱ་སློབ་ཆེན་གྱི་ཨེ་ཤ་ཡའི་ཤེས་རིག་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེན་མོ་Ghani Rahmanལགས་ཀྱིས། ཀྲུང་གོས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་སྤྱིའི་མཉམ་ལས་དང་སྤེལ་རེས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། རིག་གནས་རྒྱུས་ལོན་དང་ངོས་འཛིན་གཅིག་མཐུན་བཅས་ལ་སྐུལ་འདེད་གཏོང་བ་དང་། ས་ཁུལ་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཐེངས་འདིའི་གླེང་སྟེགས་ཐོག་ནས་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་ཁུལ་ལ་ཞིབ་འཇུག་བྱེད་པའི་ཁྱབ་ཁོངས་སོ་སོའི་ཆེད་མཁས་པ་རྣམས་མཉམ་དུ་འཛོམས་ནས་བརྒྱུད་སྒྲོག་དང་འཕེལ་རྒྱས་སོགས་ཀྱི་བརྗོད་གཞིའི་ཐད་ནས་སྤེལ་རེས་བྱས་པ་ལས། ཕན་ཚུན་བར་གྱི་བར་ཁྱད་དང་རང་རང་སོ་སོའི་དགེ་མཚན་མཐོང་བས། ཕན་ཚུན་བར་ལེགས་ཆ་གསབ་རེས་དང་མཉམ་དུ་འཕེལ་རྒྱས་འགྲོ་བར་སྐུལ་མ་གཏོང་ཐུབ་ཅེས་གསུངས་པ་རེད། 

    ཀ་ཏ་མན་རྡུ་སློབ་ཆེན་གྱི་སྐད་བརྡ་དང་སྤྱི་བའི་ཁྱབ་སྤེལ་ཚན་ཁག་གི་ཀྲུའུ་རེན་Nirmala Mani Adhikaryལགས་ཀྱིས། ཐེངས་འདིའི་གླེང་སྟེགས་ནི་ཀྲུང་གོ་དང་བལ་བོ། གཞན་པའི་རྒྱལ་ཁབ་ཀྱི་སློབ་ཆེན་དགེ་རྒན་དང་རིག་གཞུང་ཞིབ་འཇུག་པ་མཉམ་དུ་འཛོམས་ནས་ཤེས་བྱ་མཉམ་རོལ་དང་། ཕན་ཚུན་བར་འབྲེལ་བ་འཛུགས་པའི་སྟེགས་བུ་གལ་ཆེན་ཞིག་ཡིན་པས། དེ་ཡིས་རིག་གནས་བརྒལ་བའི་སྤེལ་རེས་ལ་སྐུལ་མ་གཏོང་བ་དང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་མ་འོངས་པའི་རིག་གཞུང་སྤེལ་རེས་དང་རིག་གནས་མཉམ་ལས་ལ་བགྲོད་ལམ་ཡག་མོ་ཞིག་བསྐྲུན་ཡོད་ཅེས་གསུངས་པ་རེད། 

    སི་ཁྲོན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ། ཧི་མ་ལ་ཡའི་རི་རྒྱུད་ཀྱི་བརྒྱུད་སྒྲོག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཧན་ཧུང་ལགས་ཀྱིས། ཐེངས་འདིའི་གླེང་སྟེགས་ནི་རིག་གནས་འབྲེལ་འདྲིས་ཀྱི་དགྱེས་འཛོམས་ཤིག་ཡིན་པར་མ་ཟད། རྒྱལ་ཁབ་མང་པོའི་རིག་གཞུང་མཁས་པས་ཕན་ཚུན་སློབ་སྦྱོང་དང་དཔེ་ལྟ། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་མཉམ་དུ་འཛུགས་པར་བློ་རིག་དང་སྟོབས་ཤུགས་ཕུལ་བའི་བདེན་དཔང་ཞིག་ཀྱང་ཡིན། རྗེས་མར་སི་ཁྲོན་གློག་རྡུལ་ཚན་རྩལ་སློབ་ཆེན་གྱིས་ཧུར་ཐག་གིས་རྒྱལ་ཁོངས་བརྒལ་བའི་ཞིབ་འཇུག་དང་། འཇོན་མི་གསོ་སྐྱོང་། འཕྲིན་སྦྱོར་མཉམ་ལས་སོགས་ཀྱི་སྤེལ་རེས་སྟེགས་བུ་བསྐྲུན་པར་འབད་བརྩོན་བྱས་ནས། རྒྱལ་སྤྱིའི་བརྒྱུད་སྒྲོག་གི་རིགས་གཞུང་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏོང་བ་དང། ཧི་མ་ལ་ཡའི་རི་རྒྱུད་ཀྱི་རྒྱལ་ཁབ་སོ་སོའི་བར་གྱི་ཆ་འཕྲིན་སྤེལ་རེས་དང་། རིག་གནས་སྤེལ་རེས། དམངས་སེམས་འབྲེལ་འདྲིས་བཅས་ལ་སྐུལ་ལ་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད། 

    ཐེངས་འདིའི་གླེང་སྟེགས་ཀྱི་དམིགས་ཡུལ་ནི་གྲངས་ཀའི་བརྒྱུད་སྒྲོག་རྨང་གཞིར་འཛིན་པའི་གསར་འགྱུར་ཁྱབ་སྤེལ་དང་། སྤྱི་བའི་དོ་དམ། ཆབ་སྲིད་རིག་པ། ལོ་རྒྱུས་རིག་པ་སོགས་ཀྱི་རིག་ཚན་མང་པོས་མཉམ་དུ་བསྐྲུན་པའི་ཞིབ་འཇུག་གྲུབ་འབྲས་མཉམ་རོལ་དང་རང་རང་སོ་སོའི་དགོངས་འཆར་གང་ལེགས་བཏོན་ནས། ཧི་མ་ལ་ཡའི་སོ་སོའི་སྲིད་གཞུང་དང་སྡེ་ཁག་གིས་སྤྱི་བའི་དོ་དམ་དང་སྤྱི་ཚོགས་བཅོས་སྐྱོང་། ཆ་འཕྲིན་སྤེལ་རེས་དང་འབྲེལ་འདྲིས། སློབ་གསོ་དང་རིག་གནས་ཀྱི་ཁྱབ་ཁོངས་ནས་སྔར་བས་ཕན་ཚུན་སྤེལ་རེས་དང་དཔེ་ལྟ་ཟབ་མོ་ཡོང་བའི་རེ་བ་བཅངས་པ་རེད། ཐེངས་འདིའི་གླེང་སྟེགས་ལ་ཞུགས་མཁན་དག་གིས། ཐེངས་འདིའི་གླེང་སྟེགས་ནི་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བ་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་གྲངས་རིག་དུས་རབས་ཀྱི་གྲུབ་འབྲས་མཉམ་རོལ་དང་། གཉིས་ཁེ་མཉམ་ཕན། རིག་གནས་སྤེལ་རེས། དམངས་སེམས་འབྲེལ་འདྲིས། ཡུན་རིང་བདེ་འཁོད་བཅས་ལ་སྔར་བས་སྐུལ་འདེད་བཏང་ནས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད། 

    གླེང་སྟེགས་སྤེལ་བའི་རིང་ལ། ཡིད་དབང་འཕྲོག་པའི་ཞིང་ཁམས། དཔལ་གྱིས་བརྒྱན་པའི་ཀྲུང་གོ་ཞེས་པའི་སི་ཁྲོན་གྱི་མི་ཆོས་དངོས་ཟིན་གློག་བརྙན་ལེགས་གྲས་འགྲེམ་གཏོང་དང་། ངོ་མཚར་ཆེ་བའི་སི་ཁྲོན། དཔལ་གྱིས་བརྒྱན་པའི་ཀྲུང་གོ་ཞེས་པའི་བརྗོད་བྱ་གཙོ་བོའི་དཔེ་ཆ་འགྲེམ་སྟོན། བལ་བོའི་འཕྲིན་སྦྱོར་ཐོན་ལས་རྟོག་ཞིབ་སོགས་ཀྱི་བྱ་འགུལ་སྤེལ་བ་རེད། 


    བལ་བོའི་བརྡ་འཕྲིན་དང་ཆ་འཕྲིན་ལག་རྩལ་སྡེ་ཁག་གི་འགོ་འཛིན་Prithvi Subba Gurungལགས་དང་། བལ་བོར་བཅའ་སྡོད་བྱེད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་འཐུབ་ཚབ་པ་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།