སྲོལ་རྒྱུན་དང་དེང་རབས་འདྲེས་མའི་བར་སྐོར་གནའ་ཁྲོམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-06   རྩོམ་ཁུངས།    中央广播电视总台藏语广播

    བར་སྐོར་ཁྲོམ་གཞུང་ལ་ལོ་ངོ་1300ལྷག་གྱི་ལོ་རྒྱུས་ལྡན་ཡོད་པ་དང་། དེ་ནི་རིག་གནས་དང་། ཚོང་ལས། གྲོང་མིའི་སྡོད་ཁུལ་བཅས་ནུས་པ་མང་བའི་ཁྲོམ་གཞུང་ཞིག་ཡིན་ཞིང་། དེ་གར་ནང་དོན་ཟབ་པའི་སྲོལ་རྒྱུན་རིག་གནས་དང་། དུས་བསྟུན་དར་སྲོལ་གྱི་ཉམས་སྣང་གཅིག་དུ་འདུས་ཡོད།

     བར་སྐོར་དུ་གནའ་གྲོང་གི་སྲོལ་རྒྱུན་རྣམ་པ་དང་འཚོ་སྡོད་བྱེད་སྟངས་མ་ཉམས་པར་ཅུང་ཆ་ཚང་བར་ཉར་ཚགས་བྱས་ཡོད་ཅིང་། ལྷ་སའི་འདུ་འཛི་ཆེ་ཤོས་ཀྱི་རིག་གནས་ཁྲོམ་གཞུང་དུ་གྱུར་ཡོད། དེས་གཙུག་ལག་ཁང་དང་འདྲ་བར་ལོ་རྒྱུས་ཀྱི་འཕོ་འགྱུར་ཁྲོད་གནའ་གྲོང་དར་རྒྱས་ཀྱི་དཔང་པོ་བྱེད་བཞིན་ཡོད།

     བར་སྐོར་སྐོར་ལམ་གྱི་གཞོགས་གཉིས་ནི་སྲོལ་རྒྱུན་གྱི་བོད་བཟོའི་ཁང་པ་ཡིན་པ་དང་། ཚོང་ཁང་འདྲ་མིན་སྣ་ཚོགས་ལས་མི་རྣམས་ཀྱི་ཡིད་དབང་བཀུག་སྟེ་སྲོལ་རྒྱུན་གྱི་ཁྲོམ་གཞུང་དེ་ལས་རིག་གནས་ཀྱི་སྙིང་དོན་ལྡན་པའི་དྲན་རྟེན་དངོས་པོ་ཉོ་རྒྱུ་ནི་མི་རྣམས་ཀྱི་གདམ་ག་དང་པོར་གྱུར་ཡོད།  སྤྱི་ལོ་2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བར་སྐོར་དུ་ཕེབས་ནས་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བར་སྐོར་ནི་ང་ཚོ་མི་རིགས་ཁག་གིས་མཉམ་དུ་བསྐྲུན་པ་ཞིག་རེད། མི་རིགས་ཁག་གི་རིག་གནས་འདི་གར་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཐུབ་ཡོད་པ་མ་ཟད། ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་ཚང་ཆེན་པོའི་མི་རིགས་ཁག་འདི་གར་དགའ་སྤྲོ་འཆམ་མཐུན་ངང་འཚོ་བ་སྐྱེལ་བཞིན་ཡོད་ཅེས་མྱོང་ཚོར་ཟབ་མོས་གསུངས་ཡོད།

     ལོ་ངོ་སྟོང་ཕྲག་ནང་། བོད་རིགས་མང་ཚོགས་ཀྱིས་བར་སྐོར་བསྐོར་བའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད། ད་ཆ་འདི་གར་ལྷག་བསམ་དག་པའི་དད་ལྡན་པ་ཡོད་ལ། རྒྱལ་ཁབ་ཕྱི་ནང་ནས་ཕེབས་པའི་ཡུལ་སྐོར་བ་ཡང་ཡོད། ཁོ་ཚོས་ལོ་ཟླའི་འགྱུར་བའི་ཁྲོད་གནའ་བོའི་ཁྲོམ་གཞུང་དེས་སྲོལ་རྒྱུན་རྒྱུན་འཛིན་དང་། དར་སྲོལ་གསར་པ་བསུ་བ་བདེན་དཔང་བྱེད་བཞིན་ཡོད།

     བར་སྐོར་ནི་རིག་གནས་ཀྱི་ཉམས་སྣང་དོད་པའི་ཁྲོམ་གཞུང་ཞིག་ཡིན་མ་ཟད། ཚོང་ལས་ཀྱི་རྣམ་པ་འཁྲུག་པའི་ཁྲོམ་གཞུང་ཞིག་ཀྱང་ཡིན། བར་སྐོར་དུ་སྲོལ་རྒྱུན་གྱི་ཚོང་ཁང་མང་པོ་ཡོད་པ་མ་ཟད་ཚོང་ཁང་གསར་པ་མང་པོ་ཡང་སྒོ་ཕྱེ་བཞིན་ཡོད། གྲངས་གཞི་ལས་མངོན་པ་ལྟར་ན། སྤྱི་ལོ་2023ལོར་བོད་ལྗོངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་5517ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་ 651བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཟམ་མི་ཆད་པར་གོང་འཕེལ་བྱུང་བ་དང་བསྟུན་ནས་བར་སྐོར་དུ་ཡང་གསོན་ཤུགས་གསར་པ་རྒྱས་ཡོད།

     འཛམ་གླིང་ས་ཕྱོགས་ཁག་ནས་ཕེབས་པའི་ཡུལ་སྐོར་བ་དང་། ས་ཆ་དེའི་ན་གཞོན་ཚོ་དམིགས་བསལ་གྱི་ཁོར་ཡུག་དེའི་ནང་ངོ་ཤེས་བྱུང་བ་དང་། ཕན་ཚུན་སྤེལ་རེས་བྱེད་པའི་ནང་བར་སྐོར་གྱི་ཡིད་དབང་འཕྲོག་ཤུགས་ཀྱང་ཆེ་རུ་འགྲོ་བཞིན་ཡོད།