ཉིན་རེར་གོམ་པ8000རེ་སོང་ན་ཕན་ནུས་ཆེན་པོ་ལྡན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-06   རྩོམ་ཁུངས།    黄南藏文报

    ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན། ཉིན་རེར་གོམ་པ8000རེ་འགྲོ་བ་ནི་མི་མང་ཤོས་ཤིག་ལ་མཚོན་ན་ཕན་པ་ཆེ་བའི་གོམ་གྲངས་རེད་ལ། དེས་ཚེ་ཐུང་བའི་ཉེན་ཁ་མངོན་གསལ་གྱིས་ཇེ་དམའ་རུ་གཏོང་ཐུབ། ཞིབ་འཇུག་ལས་ད་རུང་ཤེས་གསལ་ལྟར་ན།  མགྱོགས་བགྲོད་ནི་དལ་བགྲོད་ལས་ཀྱང་བཟང་ཞིང་། གོམ་པའི་འགྲོས་ཇི་ལྟར་མགྱོགས་ན་ཤི་ཚད་དེ་བས་དམའ་བ་རེད། ཞིབ་འཇུག་འདི་ནི་སི་ཕེན་གྱི་ཀེ་ལ་ན་ཏ་སློབ་ཆེན་གྱིས་སྣེ་ཁྲིད་པ་དང་།  ཧོ་ལན་དང་ཨ་རིའི་ཞིབ་འཇུག་མི་སྣ་ནང་ཞུགས་བྱས་ཏེ་སྤེལ་བ་ཞིག་ཡིན་ལ།  འབྲེལ་ཡོད་དཔྱད་རྩོམ《ཨ་རིའི་སྙིང་ནད་སློབ་ཚོགས་དུས་དེབ》སྟེང་སྤེལ་ཡོད།

    ཞིབ་འཇུག་མི་སྣས་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱལ་སྤྱིའི་ཞིབ་འཇུག་རིགས12ལས་མངོན་པའི་གཞི་གྲངས་ལ་བརྟག་དཔྱད་དང་དབྱེ་ཞིབ་བྱས་ཤིང་། དེ་མི་གྲངས་ཁྲི11དང་འབྲེལ་ཡོད། ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་རེར་ཕལ་ཆེར་གོམ་པ8000རེ་སོང་ན་ཚེ་ཐུང་བའི་ཉེན་ཁ་མངོན་གསལ་གྱིས་ཇེ་དམའ་རུ་འགྲོ་བཞིན་ཡོད། གལ་ཏེ་གཙོ་བོ་སྙིང་གི་ཁྲག་རྩའི་ནད་ཀྱིས་ཤི་ཚད་ཇེ་དམའ་རུ་གཏོང་བའི་སྟེང་བཞག་ན། གོམ་པ7000ཡས་མས་ནི་ཆེས་འོས་འཚམ་ཡིན་པ་དང་།འགྲོ་བའི་སྐབས་སུ་ད་རུང་འགྲོས་ཇེ་མགྱོགས་སུ་བཏང་ན་དེ་ལས་ཕན་པ་ཆེན་པོ་ཡོད་པས། དལ་བགྲོད་བྱེད་པ་ལས་མགྱོགས་བགྲོད་བྱས་ན་དེ་བས་ཀྱང་བཟང་།

    ཞིབ་འཇུག་ལས་མངོན་པ་ལྟར་ན། ཉིན་རེར་གོམ་པ་འགའ་རེ་ཇེ་མང་དུ་བཏང་ན་ཕན་པ་ཆེན་པོ་ཡོད། དཔེར་ན་འགུལ་སྐྱོད་བྱེད་རྒྱུར་མི་དགའ་བའི་མི་ལ་མཚོན་ན། གོམ་པ500རེ་ཇེ་མང་དུ་བཏང་ན་ཁོ་ཚོའི་བདེ་ཐང་གི་གནས་བབ་སྔར་ལས་ལེགས་སྒྱུར་བྱེད་ཐུབ།  ཞིབ་འཇུག་མི་སྣས་བསྟན་དོན། འདི་ནི་གཏམ་བཟང་ཞིག་ཡིན་ཏེ། རྒྱུ་མཚན་ནི་མི་ཡོད་ཚད་ཉིན་རེར་གོམ་པ་བརྒྱད་སྟོང་ནས་དགུ་སྟོང་འགྲོ་ཐུབ་པའི་ངེས་པ་མེད་པས། ཐོག་མར་འཆར་གཞི་ཆུང་ཆུང་ཞིག་འགོད་པ་དང་། དེ་ནས་ཉི་མ་རེ་རེར་གོམ་པ་ཇེ་མང་དུ་བཏང་ནས་རིམ་གྱིས་དམིགས་ཡུལ་ལ་སླེབ་ཏུ་བཅུག་ཆོག  དེ་ལས་གཞན་ད་རུང་གོམ་པའི་མང་ཉུང་ནི་ལོ་ཚོད་དང་ཡང་འཕྲོད་དགོས་པས།  ན་གཞོན་རྣམས་ཀྱིས་འཆར་གཞི་ཇེ་མཐོར་བཏང་ཆོག་གོ།