ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-09   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།


    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ལུའུ་མུའུ་ཆི་ནས་ཟླ་10ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ཉིན་གྱི་སྔ་དྲོར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཤིན་ཅང་རྒྱལ་སྤྱིའི་ཚོགས་འགྲེམས་ལྟེ་གནས་སུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་བཅས་ཡིན་པའི་ཧོ་ལི་ཧྥུང་ཚོགས་ཆེན་ལ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    1954ལོའི་ཟླ་10པར། ཏང་ཀྲུང་དབྱང་གིས་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤིན་ཅང་དུ་བཅའ་སྡོད་དམག་དཔུང་མང་ཆེ་བ་ས་གནས་དེ་རང་དུ་མཉམ་སྡེབ་ལས་སྒྱུར་བྱས་ནས་ཤིན་ཅང་དུ་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཙུགས་ཏེ་དམིགས་བསལ་གྱི་ལས་འགན་བསྒྲུབ་རྒྱུའི་གཏན་འབེབས་བྱས། ལོ་70ཡི་རིང་པིང་ཐོན་གྱིས“མེས་རྒྱལ་ལ་དགའ་ཞེན་དང་། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ། དཀའ་སྤྱད་ལས་གཏོད། གསར་འབྱེད་ཡར་བརྩོན”བཅས་ཀྱི་པིང་ཐོན་གྱི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་ནས་ཤིན་ཅང་གི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་མཐུན་སྒྲིལ་ཟབ་ཏུ་གཏོང་བ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། རྒྱལ་ཁབ་ཀྱི་མཐའ་སྲུང་སྲ་བརྟན་བཅས་ཀྱི་ཆེད་ལོ་རྒྱུས་ཐོག་སུབ་ཐབས་མེད་པའི་ལེགས་སྐྱེས་ཕུལ་ཡོད།

    ཆུ་ཚོད་11ཙམ་ལ་ཚོགས་ཆེན་འགོ་ཚུགས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད། ཀྲུང་དབྱང་དམག་ཨུད་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན། ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཡིན་པའི་མེའོ་ཧྭ་ཡིས་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཙུགས་ནས་ལོ་70འཁོར་བར་རྟེན་འབྲེལ་ཞུ་བའི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ལྟར་ཧོ་ལི་ཧྥུང་གིས་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་ཚབ་ཞུས་ཏེ་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཙུགས་ནས་ལོ་70འཁོར་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་། པིང་ཐོན་གྱི་མི་རིགས་ཁག་གི་ལས་བྱེད་ལས་བཟོ་དང་མང་ཚོགས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་པ། དུས་ཡུན་རིང་པོའི་ནང་པིང་ཐོན་འཕེལ་རྒྱས་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།

    ཧོ་ལི་ཧྥུང་གིས་གསུངས་དོན། ལོ་70ཡི་རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་པིང་ཐོན་གྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འོག་དམག་སྡོད་ས་སློག་གིས་མཐའ་མཚམས་སྲུང་བའི་ལམ་བུ་གསར་པ་ཞིག་བཏོད་ནས་ཀྲུང་གོའི་རྒྱལ་བབ་དང་ཤིན་ཅང་གི་དོན་དངོས་དང་འཚམ་པའི་པིང་ཐོན་འཛུགས་སྐྲུན་འཕེལ་རྒྱས་ཀྱི་བྱ་ཐབས་གསར་པ་འཚོལ་ཞིབ་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། པིང་ཐོན་གྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་དངོས་སྒྲུབ་ཡར་བརྩོན་དང་མུ་མཐུད་འབད་འཐབ་བྱས་པས་བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། པིང་ཐོན་བ་མི་རབས་ཁ་ཤས་ཀྱིས་བློས་གཏོང་དང་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་བ་མ་ཟད། རྩ་ཆེའི་ཉམས་མྱོང་ཡང་མང་པོ་བསགས་ཡོད།

    ཧོ་ལི་ཧྥུང་གིས་གསུངས་དོན། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་པིང་ཐོན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཁྲིད་སྟོན་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཤིན་ཅང་དང་པིང་ཐོན་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་བརྟན་ལྷིང་སྲུང་སྐྱོང་དང་མཐའ་མཚམས་སྲུང་སྐྱོང་གི་ལེགས་ཆ་གསར་པར་བརྟེན་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་རྒྱལ་ཁབ་བདེ་འཇགས་ལ་ཞབས་འདེགས་ཞུ་བ་དང་།

    ཐོན་ལས་དང་ཚན་རྩལ་གྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེའི་གསོན་ཤུགས་གསར་པ་འཕེལ་བར་བརྟེན་ནས་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་བགྲོད་ལམ་ཡག་ཤོས་དང་ནུབ་ཕྱོགས་སུ་སྒོ་མོ་དབྱེ་བའི་ཟམ་སྣེའི་བཙན་རྫོང་གཏོད་པ། མི་སེམས་གཅིག་སྒྲིལ་གྱི་རྣམ་པ་གསར་པ་གཏོད་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། པིང་ཐོན་དཔུང་ཁག་གི་གཟུགས་བརྙན་གསར་པ་གཏོད་པར་བརྟེན་ནས་འགན་འཁྲི་དང་ལས་འགན་སྔར་བས་ཡག་པོ་བསྒྲུབ་པར་འགན་ལེན་བཅས་བྱས་ནས་པིང་ཐོན་འཛུགས་སྐྲུན་དེ་བས་སྟོབས་ཆེན་དང་དར་རྒྱས་ཡོང་བར་བྱས་ཏེ་མཛེས་སྡུག་ལྡན་པའི་ཤིན་ཅང་འཛུགས་སྐྲུན་དང་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་མངོན་འགྱུར་བྱེད་རིང་ནུས་པ་དེ་བས་ཆེ་བ་འདོན་དགོས།

    ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་མཱ་ཤིང་རུའེ་ཡིས་གསུང་བཤད་གནང་བ་རེད།

    ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་ཀྱི་ཧྲུའུ་ཅི་ཆབ་སྲིད་ཨུ་ཡོན་ཧོ་ཀྲུང་ཡིའུ་ཡིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།

    ཚོགས་འདུ་མ་འཚོགས་གོང་ཧོ་ལི་ཧྥུང་སོགས་ཀྱིས་རང་སྐྱོང་ལྗོངས་ཏང་སྲིད་དམག་གསུམ་གྱི་འགན་འཁུར་བློ་མཐུན་དང་། པིང་ཐོན་གྱི་འགན་འཁུར་བློ་མཐུན་གསར་རྙིང་། འཐབ་འཛིང་པ་རྒན་གྲས་དང་ངལ་རྩོལ་དཔེ་བཟང་བའི་འཐུས་མི། པིང་ཐོན་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱི་འཐུས་མི་བཅས་དང་མཇལ་འཕྲད་གནང་བ་དང་འབྲེལ་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།