ཆུ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་དེབ་གཅིག་བཏོན་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-09   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

    ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཆུ་བཅོས་སྐྱོང་སྐོར་གྱི་ཞི་ཅིན་ཕིང་གི་རྣམ་བཤད་བཏུས་བསྒྲིགས》དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས། རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད།

    ཆུ་ནི་སྐྱེ་དངོས་ཀུན་གྱི་མ་ཡུམ་དང་། འཚོ་གནས་ཀྱི་གཞི་མ། ཤེས་དཔལ་གྱི་འབྱུང་ཁུངས་བཅས་ཡིན། ཆུ་བཅོས་སྐྱོང་བྱ་རྒྱུ་དེ་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་གོང་འཕེལ་དང་རྒྱལ་ཁབ་གཅིག་གྱུར་དར་རྒྱས་ཡོང་བར་གལ་འགངས་ཤིན་ཏུ་ཆེན་པོ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་གོང་འཕེལ་དང་རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བའི་འཐབ་ཇུས་ཀྱི་མཐོ་ཚད་དང་ཁྱོན་ཡོངས་ཀྱི་གཞི་འཛིན་ས་ནས་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་པ་དང་། དམངས་འཚོ་གལ་ཆེན་དུ་འཛིན་རྒྱུ་དང་ཆུ་བཅོས་སྐྱོང་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། “ཆུ་གྲོན་ཆུང་བྱ་རྒྱུ་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས་ཡོང་བ། བརྒྱུད་ཁོངས་བཅོས་སྐྱོང་བྱེད་པ། ཕྱོགས་གཉིས་ནས་ཤུགས་རྒྱག་པ”བཅས་ཆུ་བཅོས་སྐྱོང་གི་བསམ་ཕྱོགས་ཁ་གསལ་བཟོ་བ། ཆུའི་གནོད་འཚེ་འགོག་བཅོས་དང་། ཆུའི་ཐོན་ཁུངས་གྲོན་ཆུང་། ཆུའི་འབྱུང་ཁམས་སྲུང་སྐྱོང་དང་སླར་གསོ། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ཆུའི་བདེ་འཇགས་འགན་ལེན་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཐོག ཀྲུང་ཧྭ་མི་རིགས་ཀྱི་ཆུ་བཅོས་སྐྱོང་གིས་རྒྱལ་ཁབ་བདེ་འཇགས་ཡོང་བ་དང་ཆུ་བེད་སྒྲིག་ཆས་འཛུགས་སྐྲུན་དང་སྲུང་སྐྱོང་གིས་མི་དམངས་ལ་ཕན་བདེ་སྐྲུན་པའི་ལས་དོན་སྤེལ་བའི་ལེའུ་གསར་པ་ཟམ་མི་ཆད་པར་རྩོམ་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་ཆུ་བཅོས་སྐྱོང་ལ་དམིགས་ཏེ་སྤེལ་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པའི་བརྗོད་བྱ་རྒྱ་ཆེ་བ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་བཅས་ཡོད་པས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་འབྱུང་ཁམས། ཆུའི་ཁོར་ཡུག་བཅས་ཀྱི་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན། དར་སྤེལ་བཅས་ཡག་པོ་གཏོང་བ། “མི་དང་ཆུ་ཞི་མཐུན”མཉམ་གནས་ལ་སྐུལ་འདེད་གཏོང་བ་བཅས་ཀྱིས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་བསྐྲུན་བྱ་ཆེད་ཆུའི་བདེ་འཇགས་ཐད་འགན་སྲུང་ནུས་ལྡན་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། 

    《རྣམ་བཤད་བཏུས་བསྒྲིགས》དེ་ཆེད་དོན་ཁག་6ལ་དབྱེ་བ་དང་ཁྱོན་རྣམ་བཤད་དུམ་བུ་297ཡོད་ཅིང་། དེ་དག་བློ་མཐུན་ཞི་ཅིན་ཕིང་གི་2012ལོའི་ཟླ་12ནས་2024ལོའི་ཟླ་8པའི་བར་གྱི་སྙན་ཞུ་དང་། གསུང་བཤད། གཏམ་བཤད། ཤིས་ཚིག འཕྲིན་ལན། མཛུབ་སྟོན། མཆན་བཀོད་མཛུབ་སྟོན་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་130ལྷག་ཙམ་ལས་བཏུས་ཤིང་། དེའི་ནང་གི་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་ཐོག་སྤེལ་ཐེངས་དང་པོ་ཡིན་པ་རེད།