བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཕུང་པེ་ཅིང་དུ་ཞུགས་འབུལ་ཞུས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-15   རྩོམ་ཁུངས།    中央广播电视总台藏语广播

    ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཚོད་བགམ་ཐེག་པའི་གུང་ཁྲན་རིང་ལུགས་ཀྱི་འཐབ་འཛིང་པ་རྣམ་དག ཁྱད་དུ་འཕགས་པའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་མཁས་ཅན་དང་ཆབ་སྲིད་མཁས་ཅན། ཏང་དང་རྒྱལ་ཁབ་ཀྱི་ཁྱད་དུ་འཕགས་པའི་འགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། སྐབས་བཅུ་དྲུག་པ་དང་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དེ་སྔའི་ཙུང་ལི་གཞོན་པ། སྐབས་བཅུ་པ་དང་བཅུ་གཅིག་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཕུང་སྤྱི་ཚེས་14ཉིན་པེ་ཅིང་པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་ཁང་དུ་ཞུགས་འབུལ་ཞུས་པ་རེད།

     བློ་མཐུན་ཝུའུ་པང་གོ་སྙུན་གཞིས་རྐྱེན་པས་སྤྱི་ལོ་2024ལོའི་ཟླ་10ཚེས་8ཉིན་གྱི་ཆུ་ཚོད་4དང་སྐར་མ་36ཐོག་པེ་ཅིང་དུ་སྐུ་གཤེགས་པ་དང་། སྐུ་གཤེགས་དུས་དགུང་ལོ་84ཡིན་པ་རེད།

     སྤྱི་ཚེས་14ཉིན་གྱི་སྔ་དྲོ། པ་པའོ་ཧྲན་གསར་བརྗེའི་སྤྱི་པའི་བང་སོ་ཁང་གི་ཚོམས་ཆེན་དུ་སྒམ་བརླིང་གི་རྣམ་པས་ཁེངས་ཤིང་མྱ་ངན་ཞུ་བའི་རོལ་དབྱངས་ལྷང་ལྷང་དུ་གྲགས། ཚོམས་ཆེན་གྱི་དཀྱིལ་དབུས་སུ་གཞི་ནག་པོའི་ཐོག་ཡི་གེ་དཀར་པོས“བློ་མཐུན་ཝུའུ་པང་གོ་ལ་སྐྱོ་གདུང་དྲག་པོས་མྱ་ངན་ཞུ”ཞེས་པའི་འཕྲེད་འགེལ་ཡི་གེ་བཀལ་ཡོད་པ་དང་། འཕྲེད་འགེལ་ཡི་གེའི་འོག་ཏུ་བློ་མཐུན་ཝུའུ་པང་གོ་ཡི་སྐུ་པར་བཀལ་ཡོད་པ་རེད། བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཕུང་མེ་ཏོག་སོས་པའི་ཁྲོད་དུ་བཞུགས་སུ་གསོལ་བ་དང་སྐུ་ལུས་ཐོག་ཏུ་དམར་མདངས་བཀྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བསྒྲོན་ཡོད།

     སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ཙམ་ལ། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་སོགས་སྐྱོ་སྣང་ལྡན་པའི་མྱ་ངན་རོལ་དབྱངས་ཁྲོད་གོམ་སྟབས་དལ་པོའི་ངང་བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཕུང་གི་མདུན་དུ་ཕེབས་ནས་གུས་སྟབས་ཀྱིས་བཞེངས་ཏེ་ངག་བསྡམས་ཏེ་མྱ་ངན་ཞུས་པ་དང་། བློ་མཐུན་ཝུའུ་པང་གོ་ཡི་སྐུ་ཕུང་ལ་གུས་འདུད་ལན་གསུམ་ཞུས་པ་དང་འབྲེལ་བློ་མཐུན་ཝུའུ་པང་གོ་ཡི་ཁྱིམ་མི་རེ་རེ་དང་ཕྱག་བཏང་གནང་ནས་ཐུགས་གསོའི་འཚམས་འདྲི་ཞུས་པ་རེད། ཧུའུ་ཅིན་ཐའོ་ཡིས་འདས་མཆོད་མེ་ཏོག་ཕུལ་ནས་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པར་མྱ་ངན་ཞུས་གནང་ཡོད།

     བློ་མཐུན་ཝུའུ་པང་གོ་སྙུན་གཞི་ལྕི་པོ་ཕོག་སྐབས་དང་སྐུ་གཤེགས་རྗེས། ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་། ཧུའུ་ཅིན་ཐའོ་སོགས་བློ་མཐུན་གྱིས་སྨན་ཁང་དུ་གཟིགས་པར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་བརྒྱུད་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པར་སྐྱོ་གདུང་དྲག་པོས་མྱ་ངན་ཞུས་པ་དང་འབྲེལ་ཁོང་གི་ཁྱིམ་མིར་ཐུགས་གསོའི་འཚམས་འདྲི་ཞུས་གནང་བ་རེད།

     ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་ཞལ་གྱེས་ཞུ་བར་ཕེབས་པའམ་ཡང་ན་བྱ་ཐབས་སྣ་ཚོགས་བརྒྱུད་མྱ་ངན་ཞུས་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཝུའུ་པང་གོ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་མཛའ་དང་ཕ་ཡུལ་གྱི་འཐུས་མི་ཡང་ཞལ་གྱེས་ཞུ་བར་བཅར་ཡོད།