རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ལྗང་མདོག་རྨང་གཞི་བྱས་ནས་སྔོ་ལྗང་གསེར་གྱི་མཛེས་ལྗོངས་གསར་བ་གཏོད་པ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་རྒྱལ་བདེ་གྲོང་ཚོར་བསྐྱོད་སྐབས་ཨར་འདམ་མཁྲེགས་འགྱུར་གྱི་ལམ་ཡངས་ཤིང་ཁོད་སྙོམས་པ་དང་། གྲོང་ཚོའི་ཁོར་ཡུག་གཙང་ལ་གྲལ་འགྲིག་པ། སྔོ་ལྗང་ལྗོན་ཤིང་དང་མེ་ཏོག་དམར་པོ་སྒོ་རའི་འགྲམ་དུ་བཞད་པ་དང་།ཞིང་ནང་དུ་དགོད་སྒྲ་ཡང་ཡང་གྲགས་པ་དང་རི་གྲོང་གང་སར་རྣམ་པ་གསར་པ་མངོན་གྱི་ཡོད།བདེ་ཆེན་ཁུལ་གྱི་བེ་ཤ་ཐོན་ཡུལ་གཙོ་བོའི་གྲས་ཤིག་ཡིན་པའི་ངོས་ནས་ད་ལོར་རྒྱལ་བདེ་གྲོང་ཚོའི་བེ་ཤ་ཐོན་ཚད་ཏུན་300ཟིན་ཞིང་ཐོན་རྫས་རིན་ཐང་སྒོར་ཁྲི་3900་ཟིན་ཡོད་པ་རེད།ནགས་ཚལ་ཁེབས་ཚད་87%ཟིན་པ། སྣོད་བཅུད་ཁོར་ཡུག་བཟང་པོས་ནགས་ཁྲོད་ཐོན་ཁུངས་སྣ་ཚོགས་གསོ་སྐྱོང་བྱས་པ་དེའི་ནང་བེ་ཤ་སྐད་གྲགས་ཆེས་ཆེ་བ་རེད།
ཉེ་བའི་ལོ་ཤས་རིང་།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་།སྲུང་སྐྱོང་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་རྒྱུན་འཁྱོངས་བྱས་ཏེ།སྲིད་གཞུང་གིས་གཙོ་ཁྲིད་དང་།སྡེ་ཁག་མང་པོས་མཉམ་སྒྲུབ།དམངས་ཡོངས་ཞུགས་པ་བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་འཛུགས་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་གསར་སྤེལ་བེད་སྤྱོད་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་སྲུང་སྐྱོང་དང་།དཔལ་འབྱོར་གྱི་ཕན་འབྲས།སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ལ་རྒྱལ་ཁ་མང་པོ་ཐོབ་པའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་གཏོད་ཡོད།
ལྗང་མདོག་སྨྱུ་གུ་བྱས་ནས་ལྗང་མདོག་འཚོ་བའི་བདེ་སྐྱིད་ཀྱི་བར་སྟོང་འབྲི་བ།
“ལོ་ལྔ་ཚན་བཅུ་བཞི་”ཚུན་དུ་རང་ཁུལ་དུ་སྤྱི་གླིང་68བསྐྲུན་པ་དང་།ཁུལ་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་888་ཟིན།སྔོ་ལྗང་ས་ཁྱོན་གྱི་ཚད་37.24%་ཟིན་པ། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཁྲེ་གྲུ་བཞི་མ་17.47ཟིན་ཡོད།2023ལོར་བདེ་ཆེན་ཁུལ་གྱིས་ས་གཙང་དང་རི་སྔོན་པོ་སྲུང་སྐྱོང་གི་དམག་འཐབ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ས་ཆུ་ཤོར་ཚུལ་བཅོས་སྐྱོང་སྤྱི་ལེ་ངོས་གྲུ་276.85ལེགས་སྒྲུབ་བྱས་པ།སྔོ་ལྗང་མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་306.42ལེགས་སྒྲུབ་བྱས་པ་དང་ནགས་བཟོ་མུའུ་ཁྲི་22.03བྱས་པ།འོས་འགན་ཤིང་འཛུགས་སྡོང་རྐང་ཁྲི་230.47འཛུགས་ཡོད།
2023་ལོར་བདེ་ཆེན་གྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་གྲུབ་འབྲས་གཟེངས་སུ་ཐོན་པ་སྟེ་གྲོང་ཁྱེར་གྱི་མཁའ་རླུང་ལེགས་པའི་ཉིན་གྲངས་བསྡུར་ཚད་100%་ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་སྤྱི་དམངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་བློ་ཡིད་ཚིམ་ཚད་97.4%་ཟིན་ནས་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས་པ། རྒྱལ་ཁབ་ཀྱིས་ཚོད་འཛིན་དང་ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་ས་ངོས་ཆུའི་ལྟ་ཞིབ་ཚད་ལེན་བཅད་ངོས་ཀྱི་ཆུའི་སྤུས་ཚད་ལེགས་པའི་བསྡུར་ཚད་94.4%ཟིན་པ་དང་།འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ།ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ།གཙོ་གནད་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་བདེ་འཇགས་ངང་བེད་སྤྱོད་བྱེད་ཚད་100%ཟིན་ཡོད།
ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མི་སེམས་ལ་གཏིང་ཟབ་ཟུག་པ་དང་སྣོད་བཅུད་རིག་གནས་རྒྱ་ཁྱབ་ངང་ཁྱབ་སྤེལ་བཏང་བས་སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།2022ལོའི་ཟླ་11པར་བདེ་ཆེན་ཁུལ་ལ་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་དང་།2023ལོའི་ཟླ་2པར་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ།2023ལོའི་ཟླ་10པར་འབའ་ལུང་རྫོང་ལ་སྐོར་བདུན་པའི་རྒྱལ་ཁབ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་དང་ལོ་དེའི་ཟླ་12པར་འཇོལ་རྫོང་དང་འབའ་ལུང་རྫོང་ལ་ཞིང་ཆེན་རིམ་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དཔེ་སྟོན་ཁུལ་ཞེས་མིང་བཏགས་པ་རེད།
སྔོ་ལྗང་འབྲེལ་ཐག་དུ་བྱས་ནས་"་སྣོད་བཅུད་+ཡུལ་སྐོར་"་འཕེལ་རྒྱས་ཀྱི་ལམ་བུ་བཏོད་པ།
གཙང་གསུམ་མཉམ་བཞུར་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་ཡིན་པའི་བདེ་ཆེན་ལ་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཐོན་ཁུངས་ཡོད་པ་དང་གངས་རི་དང་།འཁྱགས་ཀླུང་།གྲོག་རོང་།མཚེའུ།ཆུ་ཕྲན།ནགས་ཚལ།རྩྭ་ཐང་བཅས་འདུས་ཚད་ཆེ་བའི་ངང་ཁྱབ་ཡོད་པས་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་པོ་སྐྱེད་སྲིང་བྱས་པ་དང་།རྩི་ཤིང་སྣ་ཁ་5000ལྷག་དང་།འབུ་ཕྲ་ངོ་མ་སྣ་ཁ་100ལྷག སྲོག་ཆགས་སྣ་ཁ་1400ལྷག་འདི་གར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་བཞད་ཡོད།ད་ལོའི་ཟླ་དང་པོ་ནས་བདུན་པའི་བར་བདེ་ཆེན་ཁུལ་གྱིས་རིམ་རྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1608.07་ལ་སྣེ་ལེན་ཞུས་པ་དེ་2023ལོའི་དུས་མཚུངས་ལས27.46%འཕར་ཡོད་པ་རེད།
རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ་ཕྱོགས་ཡོངས་ནས་ལག་བསྟར་བྱས་རྗེས་ཁུལ་ནང་གི་རྒྱ་ཁྱོན་ཆེ་བའི་གདོད་མའི་ནགས་ཚལ་ཉར་ཚགས་དང་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད།དེ་དང་ཆབས་ཅིག་བདེ་ཆེན་ཁུལ་གྱིས་ད་དུང་གཞི་ཁྱོན་ཆེ་བའི་རི་གཟར་རྨོ་ཞིང་ལ་རྨོ་བསྐྱུར་ནགས་གསོ་(རྩྭ་གསོ)ལས་གྲྭ་ལག་བསྟར་བྱས་པ་དང་།འབབ་རྒྱུད་ཆུང་གྲས་བཅོས་སྐྱོང་དང་འདམ་ར་སླར་གསོ་སོགས་སྣོད་བཅུད་སླར་གསོའི་ལས་གྲྭ་ལག་བསྟར་བྱས་པས་སྣོད་བཅུད་སྲུང་སྐྱོང་དང་བཅོས་སྐྱོང་ལས་གྲྭའི་རྣམ་གྲངས་དེ་དག་གིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་གི་འཚོ་སྡོད་ཁོར་ཡུག་ཧ་ཅང་ལེགས་སུ་ཕྱིན་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་རྒྱུར་ཆ་རྐྱེན་བསྐྲུན་ཡོད།