ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

དམིགས་ཚད་ལ་དམ་འཛིན་ལྷོད་མེད་དང་འཆར་གཞི་གཅིག་མཐར་ཕྱིན་བཀོད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་འབད་བརྩོན་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་དགོས།

    ཟླ་10ཚེས་15དང་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་ཁྲེན་ཁྲེང་གྲོང་རྡལ་ཨའོ་ཅའོ་གྲོང་ཚོར་རྟོག་ཞིབ་གནང་སྐབས་ཉ་པ་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།


          

    ཟླ་10ཚེས་15དང་16ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཀྲུང་གོའི(ཧྥུའུ་ཅན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཞ་མོན་ཁུལ་ལ་རྟོག་ཞིབ་གནང་སྐབས། ཕྱོགས་བསྡུས་ཞབས་ཞུ་ཚོམས་ཆེན་སྐར་ཁུང་གི་ལས་དོན་མི་སྣ་དང་བྱམས་བརྩེའི་སྤེལ་རེས་གནང་བཞིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་ཟླ་10ཚེས་16ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྥུའུ་ཅན་དུ་རྟོག་ཞིབ་གནང་སྐབས། ཧྥུའུ་ཅན་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ལམ་སྲོལ་བབ་བསྟུན་དང་། ཐོན་ལས་ལེགས་པ། མི་སེར་འབྱོར་ཕྱུག སྐྱེ་ཁམས་མཛེས་པ་བཅས་ཀྱི་ཧྥུའུ་ཅན་གསར་པ་འཛུགས་སྐྲུན་གྱི་དམིགས་ཚད་ལ་དམ་འཛིན་ལྷོད་མེད་བྱེད་པ། འཆར་གཞི་གཅིག་མཐར་ཕྱིན་འགོད་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་མགྱོགས་སུ་གཏོང་བའི་ཐད་ཡར་རྒྱས་སྔར་བས་ཆེན་པོ་ཡོང་བ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་ཞུ་དང་མཉམ་འདྲེས་བྱེད་པའི་ཐད་བྱས་རྗེས་སྔར་བས་ཆེན་པོ་འཇོག་པ། མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་པའི་ཐད་གོམ་སྟབས་སྔར་བས་ཆེ་བ་སྤོ་བ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པའི་ཐད་ཚད་བརྒལ་སྔར་བས་ཆེན་པོ་ཡོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཁྲོད་འབད་བརྩོན་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཟླ་10ཚེས་15དང་16ཉིན། ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲོའུ་ཙུའུ་དབྱི་དང་ཧྲེང་ཀྲང་ཀྲའོ་ལུང་གི་ཕེབས་རོགས་འོག སྔ་རྗེས་སུ་ཀྲང་ཀྲོའུ་དང་ཞ་མོན་སོགས་སུ་ཕེབས་ནས་གྲོང་གསེབ་དང་། གསར་བརྗེའི་སློབ་གསོའི་རྟེན་གཞི། རིག་དངོས་སྲུང་སྐྱོབ་ཚན་པ། རང་མོས་ཚོང་དོན་ཚོད་ལྟ་ཁུལ་སོགས་ལ་རྟོག་ཞིབ་དང་བརྟག་ཞིབ་གནང་བ་རེད།

    ཚེས་15ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་དང་ཐོག་ཀྲང་ཀྲོའུ་གྲོང་ཁྱེར་ཏུང་ཧྲན་རྫོང་དུ་རྟོག་ཞིབ་གནང་བར་ཕེབས་ཤིང་། རྫོང་དེའི་ཤར་ལྷོའི་རྒྱུད་ཀྱི་ཁྲེན་ཁྲེང་གྲོང་རྡལ་ཨའོ་ཅའོ་གྲོང་ཚོའི་ཕྱོགས་གསུམ་རྒྱ་མཚོར་ཕྱོགས་ཤིང་། ཉེ་བའི་ལོ་ཤས་རིང་གྲོང་ཚོ་དེས་རྒྱ་མཚོར་བརྟེན་ནས་གྲོང་ཚོ་དར་རྒྱས་གཏོང་བ་དང་རྒྱ་མཚོར་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་བའི་ལམ་བུ་གསར་པ་ཞིག་ཏུ་བསྐྱོད་ཡོད། ཞི་ཅིན་ཕིང་གིས་ཨའོ་ཅའོ་མཚོ་ཁུག་མཚོ་ཁོངས་ཀྱི་ཁོར་ཡུག་དང་གྲོང་ཚོའི་རྣམ་པར་ཞབས་ཐང་མར་གཟིགས་ཞིབ་གནང་ནས་མཚོ་ཟས་སྐམ་སིལ་དང་ཉ་འཛིན་ཐོན་ཟོག་ཉོ་ཚོང་གི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱ་མཚོའི་ཐོན་རྫས་མི་ཉུང་བ་ཞིག་བྲིན་ཚོང་གཉིས་དར་བྱུང་ནས་གྲོང་མིའི་ཡོང་འབབ་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་མཁྱེན་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་ཡོད། ཁོང་གིས་འཚང་ཁ་ཤིག་ཤིག་ངང་ཚུར་ཡོང་བཞིན་པའི་གྲོང་མི་དང་ཉ་པ་ཚོར། ང་ཁྱེད་ཚོའི་གྲོང་ཚོར་ལོ་23གོང་ཡོང་མྱོང་། ད་བར་བརྗེད་མི་འདུག ད་རེས་གྲོང་ཚོར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་མཐོང་སྐབས་དགའ་ཚོར་ཆེན་པོ་བྱུང་ལ་ཚོར་སྣང་ཡང་ཟབ་མོ་བྱུང་། དུས་རབས་གསར་པའི་རྒྱང་ལམ་གསར་པར་སྐྱོད་མཁན་གྲོང་གསེབ་ལ་སྔར་བས་འོད་སྟོང་འཕྲོ་བའི་མདུན་ལམ་ཡོང་ངེས་ཡིན་ལ་ཞིང་པའི་འཚོ་བ་ཡང་སྔར་བས་ལེགས་སུ་འགྲོ་ངེས་རེད། གྲོང་ཚོ་རིམ་པའི་ཏང་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་བཏོན་ཏེ་ཡུལ་མི་སྤུན་ཟླ་ཚོ“རྒྱ་མཚོར”བརྟེན་ནས་འཚོ་བ་ཡག་པོ་སྐྱེལ་རྒྱུར་སྣེ་ཁྲིད་དེ་གྲོང་གསེབ་དར་རྒྱས་དང་ཐུན་མོང་འབྱོར་ཕྱུག་གི་བགྲོད་ལམ་དུ་ཞུམ་མེད་མདུན་སྐྱོད་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་ཞི་ཅིན་ཕིང་ཀུའུ་ཝུན་ཁྲང་གི་དྲན་གསོ་ཁང་དུ་ཕེབས་ནས་བློ་མཐུན་ཀུའུ་ཝུན་ཁྲང་གི་མི་སེམས་འགུལ་བའི་མཛད་རྗེས་མཁྱེན་རྟོགས་དང་། ས་གནས་དེ་གའི་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་ཚུལ་གྱི་ངོ་སྤྲོད་གསན་པ། ཀུའུ་ཝུན་ཁྲང་ལས་བྱེད་སློབ་གླིང་གི་དགེ་རྒན་དང་སློབ་མའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་བཅས་གནང་བ་རེད། ཞི་ཅིན་ཕིང་གིས་ལས་བྱེད་པའི་ལས་རྗེས་བཟང་མིན་ལ་བསྡུར་ཞིབ་བྱེད་དགོས་ན་གཙོ་བོ་མི་སེར་གྱིས་བསྔགས་བརྗོད་བྱེད་མིན་ལ་བལྟ་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱས་ནས་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་བཙུགས་ཏེ་གང་དུ་དཔོན་གནས་ཁུར་བ་ན། དེ་གར་བདེ་སྐྱིད་སྐྲུན་ལ་བརྩོན། དམ་པ་དོན་གཉེར་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་མཛད་རྗེས་ཀྱི་རྡོ་རིང་དེ་མི་དམངས་མང་ཚོགས་ཀྱི་སེམས་ནང་འཛུགས་དགོས། བློ་མཐུན་ཀུའུ་ཝུན་ཁྲང་ལ་སློབ་སྦྱོང་བྱེད་པར་ཁོང་གི་ཡ་རབས་སྤྱོད་བཟང་ལ་གུས་བཀུར་དང་ཡིད་སྨོན་ཞུ་དགོས་པ་མ་ཟད། ད་དུང་ཁོང་ལ་མིག་ལྟོས་ཡར་འགྲན་དང་རྗེས་སུ་ཡི་རང་ཞུས་ནས་ཁོང་ལྟ་བུའི་མི་ཞིག་བྱས་ནས་སྲིད་སྐྱོང་དགོས་ཞེས་གསུངས་པ་རེད།

    ཀོན་ཏི་རིག་གནས་ཐོན་ལས་གླིང་དུ་ཞི་ཅིན་ཕིང་གིས་ས་གནས་དེ་གའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་ཞིང་། ཁོང་གིས་རིག་གནས་ཤུལ་བཞག་ནི་མེས་པོ་ཚོས་བཞག་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཚེས་16ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཞ་མོན་དུ་ཀྲུང་གོའི(ཧྥུའུ་ཅན)རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་ཞ་མོན་ཁུལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་རང་མོས་ཚོང་དོན་ཚོད་ལྟ་ཁུལ་འཛུགས་སྐྲུན་གྱི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་ནས་ས་གནས་དེ་གའི་སྒྱུར་བཅོས་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ་དང་མཚོ་འགག་ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གསན་པ་མ་ཟད། ཕྱོགས་བསྡུས་ཞབས་ཞུའི་ཚོམས་ཆེན་སྐར་ཁུང་གི་ལས་དོན་མི་སྣ་དང་ཕན་ཚུན་སྤེལ་རེས་ཀྱང་གནང་བ་རེད། ཞི་ཅིན་ཕིང་གིས་ཞ་མོན་དམིགས་བསལ་ཁུལ་ལོ་40ལྷག་ཙམ་འཕེལ་རྒྱས་ཕྱིན་པ་བརྒྱུད། དེ་སྔ་ཧང་སངས་དགོས་པའི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ད་ཆ་སྒྱུར་བཅོས་སྒོ་དབྱེར་དམ་འཛིན་བྱེད་པ་དེ་གཏིང་ཟབ་ཚད་དམ་ཡང་ན་རྒྱ་ཆེ་ཚད་གང་གི་ཐད་ནས་བརྗོད་ནའང་སྔར་གྱི་བླང་བྱ་ལས་དེ་བས་མཐོ་བ་ཡོད། ཧྥུའུ་ཅན་དང་ཞ་མོན་གྱིས་དུས་བབ་ཀྱི་འཕེལ་རྒྱས་དང་འཚམ་པར་བྱས་ཏེ་ལམ་ལུགས་རྣམ་པའི་སྒོ་དབྱེར་སྐུལ་འདེད་བརྟན་པོ་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བ་དང་སྦྲེལ་མཐུད་བྱས་ནས་ལས་དོན་ཞིབ་ཚགས་སྤེལ་བ། ལམ་ལུགས་རང་བཞིན་དང་སྲིད་ཇུས་རང་བཞིན་གྱི་གྲུབ་འབྲས་མང་ཙམ་ཐོབ་པ་བཅས་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས་པ་རེད།

ཚེས་16ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཞ་མོན་དུ་ཧྥུའུ་ཅན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས་ཧྥུའུ་ཅན་གྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ། གོམ་སྟབས་རྗེས་མའི་ལས་དོན་ཐད་བླང་བྱ་ཁ་གསལ་ཡང་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བར་ཐབས་ལམ་གསར་པ་གཏོད་དགོས། ཕྱོགས་ཡོངས་ནས་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་གང་མགྱོགས་འཛུགས་པར་རྒྱབ་སྐྱོར་བྱས་ནས་སློབ་གསོ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གཞི་གཅིག་གི་སྒྱུར་བཅོས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ནུས་པ་ཆེ་བ་དང་རིམ་པ་མཐོ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱི་འགག་སྒྲོལ་བྱ་སྤྱོད་གལ་ཆེན་ལག་བསྟར་བྱེད་པ། ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་བྱེད་པོའི་གནས་བབ་མཐོ་རུ་གཏོང་བ། ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་དངུལ་རྩའི་སྲིད་ཇུས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྔར་ལས་འཐུས་སྒོ་ཚང་བའི་གསར་གཏོད་ཀྱི་ཁོར་ཡུག་དང་སྔར་ལས་ཡིད་དབང་འཕྲོག་པའི་ཤེས་ལྡན་པའི་ཁོར་ཡུག་བསྐྲུན་དགོས། དངོས་ཚན་དཔལ་འབྱོར་བརྟན་པོ་སྲུང་བ་དང་། སྲོལ་རྒྱུན་ཐོན་ལས་ཀྱི་ལེགས་ཆ་སྲ་བརྟན་དུ་གཏོང་བ། ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བ། འབྱུང་འགྱུར་ཐོན་ལས་ལ་སྔོན་དཔག་དང་བཀོད་སྒྲིག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ་ཐོན་ལས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྒྱུར་བཅོས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བར་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་དགོས། གཙོ་གནད་ཁྱབ་ཁོངས་དང་འགག་རྩའི་ལྷུ་ཚིགས་ལ་དམིགས་པ་དང་དཔལ་འབྱོར་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སྣེ་ཁྲིད་ནུས་པ་འབུར་དུ་ཐོན་པར་བྱས་ཏེ། མུ་མཐུད་བློ་ཁོག་ཆེན་པོས་ཚོད་ལྟ་དང་། བློ་ཁོག་ཆེན་པོས་བྱེད་ཕོད་པ། རང་བརྟེན་སྒྱུར་བཅོས་བཅས་བྱེད་དགོས། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་། “ཅིན་ཅང་གི་ཉམས་མྱོང”གསར་གཏོད་དང་འཕེལ་རྒྱས་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱི་མ་འཇོག་ལས་གཏོད་ཀྱི་གསོན་ཤུགས་སྐུལ་སློང་གང་ལེགས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་བསམ་བློ་གཏོང་ས་དང་རེ་སྒུག་བྱེད་སར་དམིགས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཁག་ལ་སྔོན་ཚུད་ནས་དམ་འཛིན་ཡག་པོ་བྱེད་དགོས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་གྱི་འཐབ་ཇུས་རིམ་སྤོར་ལག་བསྟར་གཏིང་ཟབ་བྱེད་པ་དང་། ས་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་གཏིང་ཟབ་ཞུགས་པ། དུས་རབས་21པའི་མཚོ་ཐོག་དར་གོས་ལམ་བུའི་ལྟེ་བའི་ཁུལ་གཏོད་པ་བཅས་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཀྱི་ལྷུ་ཚིགས་གལ་ཆེན་དང་བགྲོད་ལམ་གལ་ཆེན་གྱི་ནུས་པ་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དཔེ་སྟོན་ཐུབ་པར་བྱེད་དགོས། རི་མཚོ་མཉམ་ལས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་གཏིང་ཟབ་ཏུ་བཏང་ནས་རི་མཚོ་སྤྱི་འདོམས་ལ་ཤུགས་སྣོན་དང་ནུས་པ་གསབ་རེས་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་གཏིང་ཟབ་བྱས་ནས་རི་རྩེ་ནས་རྒྱ་མཚོའི་བར་སྲུང་སྐྱོང་དང་བཅོས་སྐྱོང་བྱེད་པའི་བཀོད་པ་ཆེན་པོ་ཆགས་པར་བྱས་ཏེ། ཁྱབ་ཁོངས་གཙོ་བོ་དང་། ཆུ་བོའི་འབབ་རྒྱུད་གཙོ་བོ། མཚོ་ཁོངས་གཙོ་བོ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱེ་ཁམས་ཁོར་ཡུག་གི་ཤོང་ཚད་ཆེ་རུ་གཏོང་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་ཟུང་འབྲེལ་དམ་ཚགས་བྱེད་པར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་དགོས། རྫོང་ཁོངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། གནས་རྙིང་ཁུལ་དང་སུའུ་ཁུལ་དར་རྒྱས་གོང་འཕེལ་མགྱོགས་སུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། རྨོ་ཞིང་གི་དམར་ཐིག་ནན་པོར་བསྲུངས་ནས་ཞིང་ལས་ཆེན་པོའི་ལྟ་བ་དང་ཟས་རིགས་ཆེན་པོའི་ལྟ་བ་བཙུགས་ཏེ་ཁྱད་ལྡན་ཞིང་ལས་ཐོན་ལས་ཁྱུ་ཚོགས་བསྐྲུན་དགོས། མཉམ་སྡེབ་ཀྱི་ནགས་དབང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་པ་དང་ནགས་ཁྲོད་བཟའ་བཅའ་དང་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་བཏང་ནས“ནགས་ཚལ་ཐོན་ལས”སྔོག་འདོན་གཏིང་ཟབ་དང་སྐྱེད་སྲིང་བྱེད་དགོས། ཧྥུའུ་ཀྲོའུ་དང་ཞ་མོན་གཉིས་སུ་རྒྱལ་ཡོངས་ཀྱི་རྒྱ་མཚོའི་དཔལ་འབྱོར་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་ནས་རྒྱ་མཚོའི་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་གཏོང་དགོས། རྒྱ་མཚོའི་རླུང་འཚུབ་དང་ས་ཡོམ་སོགས་ཀྱི་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་ཤུགས་ཆེ་རུ་བཏང་ནས་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་དང་རྒུད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་དང་ཧྥུའུ་ཅན་གྱི་གཟུགས་བརྙན་གསར་པ་མངོན་པའི་ཐད་སྙིང་རུས་གཏན་འཁྱོངས་བྱེད་དགོས། གསར་བརྗེའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཁྲང་ཏིང་དང་ཉིང་ཧྭ་རྒྱང་སྐྱོད་ཀྱི་རྒྱལ་ཁབ་རིག་གནས་སྤྱི་གླིང་ཡག་པོ་བསྐྲུན་ནས་གསར་བརྗེའི་ལོ་རྒྱུས་ཡིག་རིགས་དང་གསར་བརྗེའི་རིག་དངོས་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རིག་གནས་པའི་ལས་ཀ་ལེགས་པར་བསྒྲུབས་ཏེ། གོམས་སྲོལ་ལེགས་སུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ཀྱིས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་ནས་རིག་གནས་ཡུལ་སྐོར་ལས་རིགས་དེ་ཀ་རྟེན་ཐོན་ལས་སུ་སྐྱེད་སྲིང་བྱེད་དགོས། ངོགས་གཉིས་ཀྱི་རིག་གནས་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་ཀྲུང་ཧྭའི་རིག་གནས་དར་སྤེལ་གཏོང་བ་དང་སྤུན་ཟླ་ཐའེ་དབན་བའི་མི་རིགས་དང་། རིག་གནས། རྒྱལ་ཁབ་བཅས་ཀྱི་མོས་སེམས་ཆེ་རུ་གཏོང་དགོས། རུས་མིང་གཅིག་པའི་སྤུན་མཆེད་དང་ཕ་ཡུལ་གཅིག་པ་དང་མེས་པོའི་རིག་གནས་སོགས་ཀྱི་འབྲེལ་ཐག་ལ་བརྟེན་ནས་ཕྱིར་སྡོད་རང་མིའི་སེམས་པ་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་དགོས།

    ཞི་ཅིན་ཕིང་གིས་གསུངས་དོན། ཏང་ཡོན་དང་ལས་བྱེད་པར་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པའི་སློབ་གསོ་རྒྱག་པ་དང་། གཞན་གྱི་སྔོན་དུ་བྱེད་ཕོད་པ་དང་རྒྱལ་ཁ་ལེན་རྒྱུར་དགའ་བའི་གསར་འབྱེད་གསར་གཏོད་ཀྱི་སྙིང་སྟོབས་མུ་མཐུད་དར་སྤེལ་བཏང་སྟེ་འབད་འབུངས་ཧུར་ལེན་དང་སྒྲུབ་མཁས་ལ་བྱས་རྗེས་འཇོག་པར་བྱེད་དགོས། མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས་ཐོག་མའི་བསམ་འདུན་མི་བརྗེད་པ་དང་། འགན་འཁུར་ཕོད་པ། སྤྱོད་གཙང་བཀའ་བརྩི་བཅས་བྱས་ནས་གུང་ཁྲན་ཏང་མིའི་ཆབ་སྲིད་ཀྱི་རང་གཤིས་ནམ་ཡང་གནས་པར་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་གཏིང་ཟབ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་གཏོང་དགོས། “གཞི་རིམ་དུ་སྐྱོད་པ་བཞིའི”ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་བསྐྱོད་ནས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་ཕན་ནུས་ཆེ་རུ་གཏོང་དགོས།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་ནུས་ཤུགས་ཡོད་རྒུས་དུས་ཚིགས་བཞི་པའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཡོང་བར་བྱེད་དགོས།

    ཧོ་ལི་ཧྥུང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།