《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-18   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་15ཉིན་གློག་འཕྲིན་འབྱོར་གསལ། རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལོ་10འཁོར་བའི་མཚམས་སུ། ཟླ་10ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་20པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་2014ལོའི་ཟླ་10ཚེས་15ཉིན་གྱི《རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་ཐོག་གི་གསུང་བཤད》བསྐྱར་དུ་བཀོད་ཡོད་པ་རེད།

    གསུང་བཤད་ནང་ནན་བཤད་གནང་དོན། རིག་རྩལ་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་ཞིག་ཡིན་པ་དང་། རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཞིག་ཡིན། རིག་རྩལ་ནི་དུས་རབས་མདུན་སྐྱོད་ཀྱི་དུང་བརྡ་ཡིན་པས། དུས་རབས་གཅིག་གི་ཉམས་འགྱུར་གང་ལེགས་མཚོན་ཐུབ་པ་དང་དུས་རབས་གཅིག་གི་དར་སྲོལ་ལ་སྣེ་ཁྲིད་གང་ལེགས་བྱེད་ཐུབ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིག་རྩལ་གྱི་ནུས་པ་ནི་ཚབ་བྱེད་ཐབས་བྲལ་བ་ཞིག་ཡིན་ལ་རིག་རྩལ་ལས་དོན་པར་ནུས་པ་འདོན་ས་མང་པོ་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་མཐོ་ཚད་འདི་འདྲའི་ཐོག་ནས་རིག་རྩལ་གྱི་གནས་བབ་དང་ནུས་པར་ངོས་འཛིན་དང་། རང་ཉིད་ཀྱི་ཕྲག་ཐོག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ལ་ངོས་འཛིན། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་ཕྱོགས་སྟོན་མཐའ་འཁྱོངས། དུས་རབས་ལ་ངོ་གནོངས་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་ཧུར་ཐག་རྩོམ་པ། ཀྲུང་གོའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་ཀྲུང་གོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ་བཅས་བྱས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་འབྱུང་འགྱུར་ཕྱོགས་སུ་སྐྱོད་པར་སྐུལ་མ་གཏོང་དགོས།

    གསུང་བཤད་ནང་བསྟན་དོན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཀྲུང་ཧྭའི་རིག་གནས་དར་རྒྱས་གོང་འཕེལ་གཏོང་དགོས། ངེས་པར་དུ་རིག་རྩལ་དང་རིག་རྩལ་ལས་དོན་པའི་ནུས་པ་གལ་ཆེན་ལ་ཚད་མཐོའི་མཐོང་ཆེན་དང་འདོན་སྤེལ་གང་ལེགས་བྱེད་དགོས། ལོ་རྒྱུས་དང་དོན་དངོས་ལས་ར་འཕྲོད་བྱུང་བར། ཀྲུང་ཧྭ་མི་རིགས་ལ་རིག་གནས་གསར་གཏོད་བྱེད་ནུས་ཆེན་པོ་ཡོད། ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་སླེབས་རིམ་བཞིན་རིག་གནས་ཀྱིས་རྒྱལ་ཁབ་ཀྱི་ལམ་འགྲོའི་འགྱུར་ལྡོག་ཚོར་བ་དང་། དུས་རབས་ཀྱི་རླབས་རྒྱུན་གྱི་མདུན་གྲལ་དུ་གནས་པ། དུས་རབས་ཀྱི་སྔོན་བརྡ་གཏོང་བ་བཅས་བྱས་ནས་མི་དམངས་དུང་ཕྱུར་མང་པོ་དང་རླབས་ཆེན་མེས་རྒྱལ་ལ་བསྔགས་སྐུལ་དང་འབོད་སྐུལ་བྱེད་ཀྱི་ཡོད། བསམ་པའི་དར་ཆ་སྒྲེང་བ་དང་། བསམ་པའི་ཀ་རྟེན་འཛུགས་པ། བསམ་པའི་ཁྱིམ་གཞིས་བསྐྲུན་པ་བཅས་ཚང་མ་རིག་རྩལ་དང་ཁ་འབྲལ་ཐབས་མེད། རང་རྒྱལ་གྱི་རྩོམ་པ་པོ་དང་སྒྱུ་རྩལ་མཁས་ཅན་རྣམས་དུས་རབས་དར་སྲོལ་གྱི་སྔོན་ཤེས་པ་དང་། སྔོན་སྐྱོད་པ། སྔོན་སྤེལ་བ་བཅས་སུ་འགྱུར་བར་བྱས་ཏེ་སྟོབས་ཤུགས་ལྡན་པ་དང་། ཀུན་སྤྱོད་ལྡན་པ། བརྩེ་སེམས་ལྡན་པ་བཅས་ཀྱི་རིག་རྩལ་བརྩམས་ཆོས་དེ་བས་མང་པོར་བརྟེན་ནས་མི་དམངས་ཀྱི་རླབས་ཆེན་ལག་ལེན་དང་དུས་རབས་ཀྱི་ཡར་ཐོན་བླང་བྱ་འབྲི་བ་དང་ཟིན་ཐོར་འགོད་དགོས།

    གསུང་བཤད་ནང་བསྟན་དོན། དུས་རབས་གཅིག་གི་རིག་རྩལ་གྲུབ་འབྲས་བསྡུར་ཞིབ་བྱེད་པར་མཐར་གཏུགས་བརྩམས་ཆོས་ལ་བལྟ་དགོས། རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆེས་རྩ་བ་ནི་རང་རེའི་རླབས་ཆེན་གྱི་མི་རིགས་དང་རླབས་ཆེན་གྱི་དུས་རབས་འདིར་ངོ་གནོངས་མི་དགོས་པའི་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་རྒྱུ་དེ་ཡིན། ངེས་པར་དུ་ཕུལ་བྱུང་བརྩམས་ཆོས་གསར་རྩོམ་བྱེད་པ་དེ་རིག་རྩལ་ལས་དོན་གྱི་ལྟེ་བའི་ལྷུ་ཚིགས་ལ་བརྩིས་ནས་དེང་རབས་ཀྲུང་གོའི་རིན་ཐང་ལྟ་བ་ཁྱབ་སྤེལ་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྙིང་སྟོབས་མཚོན་པ། ཀྲུང་གོ་བའི་མཛེས་དཔྱོད་དོན་གཉེར་མཚོན་པ། བསམ་བློའི་རང་བཞིན་དང་། སྒྱུ་རྩལ་རང་བཞིན། ལྟ་རོལ་རང་བཞིན་བཅས་གཅིག་གྱུར་དམ་ཟབ་ཀྱི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་ཧུར་ཐག་བྱེད་དགོས། གསར་གཏོད་ནི་རིག་རྩལ་གྱི་ཚེ་སྲོག་ཡིན། གསར་གཏོད་ཀྱི་སྙིང་སྟོབས་རིག་རྩལ་གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་རིག་རྩལ་གསར་རྩོམ་བྱེད་ནུས་ཆེ་རུ་གཏོང་དགོས།

    རིག་རྩལ་གསར་རྩོམ་ཕུན་སུམ་ཚོགས་སུ་གཏོང་བ་དང་རིག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་སྤྱོད་རྩལ་གཉིས་འཛོམས་ཀྱི་རིག་རྩལ་མི་སྣ་གྲགས་ཅན་མང་པོ་ཡོད་དགོས། རིག་རྩལ་དཔུང་ཁག་འཛུགས་སྐྱོང་དེ་བས་མངོན་གསལ་དོད་པའི་གནས་བབ་གལ་ཆེན་དུ་བཞག་ནས་ཤུགས་རྐྱེན་ཡོད་པའི་ཁྱབ་ཁོངས་ཁག་གི་རིག་རྩལ་སྣེ་ཁྲིད་མི་སྣ་ཁག་གཅིག་གསོ་སྐྱོང་ཧུར་ཐག་བྱས་ཏེ། རིག་རྩལ་ཤེས་ལྡན་པའི་དཔུང་ཁག་ཆེན་པོ་ཞིག་འཛུགས་སྐྱོང་བྱེད་དགོས།

    གསུང་བཤད་ནང་བསྟན་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་ནི་ངོ་བོའི་ཐོག་ནས་བརྗོད་ན་མི་དམངས་ཀྱི་རིག་རྩལ་རེད། རིག་རྩལ་གྱིས་མི་དམངས་ཀྱི་བསམ་ཚུལ་ཡག་པོ་མཚོན་པར་བྱེད་དགོས་ཚེ་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་རྩ་བའི་ཁ་ཕྱོགས་འདི་མཐའ་འཁྱོངས་བྱེད་དགོས། འདི་ནི་ཏང་གིས་རིག་རྩལ་འཐབ་ཕྱོགས་ལ་བཏོན་པའི་གཞི་རྩའི་བླང་བྱ་ཞིག་ཡིན་ལ། རང་རྒྱལ་གྱི་རིག་རྩལ་བྱ་གཞག་གི་མདུན་ལམ་དང་ལས་དབང་ཐག་གཅོད་པའི་འགག་རྩའང་རེད། གཅིག མི་དམངས་ལ་རིག་རྩལ་དགོས་མཁོ་ཆེ། མི་དམངས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་བར་ངེས་པར་དུ་རིག་གནས་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྤྱི་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་རྒྱུ་ནོར་འཕེལ་བར་བྱེད་དགོས། གཉིས། རིག་རྩལ་ལ་མི་དམངས་དགོས་མཁོ་ཆེ། ཕུལ་བྱུང་བརྩམས་ཆོས་གསར་རྩོམ་ཐུབ་མིན་གྱི་ཆེས་རྩ་བ་ནི་མི་དམངས་ཀྱི་ཆེད་དུ་གསར་རྩོམ་བྱེད་མིན་དང་། མི་དམངས་ཀྱི་བརྩེ་སེམས་མཚོན་མིན། མི་དམངས་ཀྱི་བསམ་ཚུལ་མཚོན་མིན་བཅས་ལ་རག་ལས་ཡོད། གསུམ། རིག་རྩལ་གྱིས་མི་དམངས་ལ་དགའ་ཞེན་བྱེད་དགོས། རིག་རྩལ་གསར་རྩོམ་ལ་ཐབས་ཤེས་བརྒྱ་དང་སྟོང་ཡོད་མོད། འོན་ཀྱང་ཆེས་རྩ་བ་དང་། ཆེས་འགག་རྩ། ཆེས་བརྟན་པོ་བཅས་ཀྱི་ཐབས་ཤེས་ནི་མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་པ་དང་འཚོ་བའི་ཁྲོད་དུ་རྩ་བ་ཚུགས་རྒྱུ་དེ་རེད། བརྩམས་ཆོས་ཡག་པོ་ཞིག་ནི་མི་དམངས་ཀྱི་གདེང་འཇོག་དང་། རིགས་གཅིག་མཁས་ཅན་གྱི་གདེང་འཇོག ཁྲོམ་རའི་ཞིབ་དཔྱད་བཅས་ཐེག་ཐུབ་པའི་བརྩམས་ཆོས་ཤིག་ཡིན་དགོས་ལ། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་ཆབས་ཅིག སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཐུབ་པའི་བརྩམས་ཆོས་ཤིག་ཀྱང་ཡིན་དགོས། རིག་རྩལ་ནི་ཁྲོམ་རའི་བྲན་གཡོག་བྱེད་མི་རུང་ལ་དོང་ཙེའི་དྲི་ངན་ཡང་འགོ་མི་རུང་།

    གསུང་བཤད་ནང་བསྟན་དོན། ཀྲུང་གོའི་སྙིང་སྟོབས་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་བླ་སྲོག་ཡིན། དུས་རབས་ཚང་མར་དུས་རབས་དེ་རང་གི་སྙིང་སྟོབས་ལྡན་ཡོད། རིག་རྩལ་ནི་བླ་སྲོག་གཏོད་པའི་འདུ་འགོད་ཡིན་པ་དང་། རིག་རྩལ་ལས་དོན་པ་ནི་བླ་སྲོག་གཏོད་པའི་བཟོ་བཀོད་པ་རེད། རྒྱ་ཆེའི་རིག་རྩལ་ལས་དོན་པས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་དར་ཆ་མཐོན་པོར་བསྒྲེངས་ནས་ཕྲག་ཐོག་གི་འགན་འཁྲིར་ངོས་འཛིན་གང་ལེགས་བྱས་ཏེ། རིག་རྩལ་གསར་རྩོམ་བྱེད་རིང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་གསོན་ཉམས་དོད་པ་དང་ཇི་མ་ཇི་བཞིན་མངོན་པར་བྱེད་དགོས། རྒྱལ་གཅེས་རིང་ལུགས་དེ་ཉིད་རིག་རྩལ་གསར་རྩོམ་གྱི་བརྗོད་དོན་གཙོ་བོར་བརྩིས་ནས་མི་དམངས་ལ་ཡང་དག་པའི་ལོ་རྒྱུས་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རྒྱལ་ཁབ་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ་བཅས་འཛུགས་པ་དང་མཐའ་འཁྱོངས་བྱེད་པར་ཁྲིད་སྟོན་བྱས་ཏེ། ཀྲུང་གོ་བ་ཞིག་བྱེད་པའི་ལ་རྒྱ་དང་སྤོབས་པ་ཆེ་རུ་གཏོང་དགོས། རིག་རྩལ་བརྩམས་ཆོས་ནས་བདེན་ལེགས་མཛེས་གསུམ་དང་དགེ་བརྩོན་ཡར་ཐོན་གྱི་རིན་ཐང་ལྟ་བ་བརྒྱུད་སྤྲོད་བྱས་ཏེ་མི་རྣམས་ལ་ཀུན་སྤྱོད་ལ་སྣང་ཆེན་དང་། ཀུན་སྤྱོད་ལ་བརྩི་བཀུར། ཀུན་སྤྱོད་སྲུང་བ་བཅས་ཀྱི་འཚོ་བར་ཡིད་སྨོན་དང་བརྩོན་ལེན་བྱེད་པར་ཁྲིད་སྟོན་བྱེད་དགོས། དུས་རབས་ཀྱི་ཆ་རྐྱེན་གསར་པ་དང་ཟུང་འབྲེལ་གྱིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་ཧྭའི་མཛེས་རིག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས།

    གསུང་བཤད་ནང་བསྟན་དོན། ཏང་གིས་རིག་རྩལ་ལས་དོན་ལ་འགོ་ཁྲིད་བྱེད་ཤུགས་ཆེ་རུ་དང་ལེགས་སུ་གཏོང་དགོས། ཏང་གི་འགོ་ཁྲིད་ནི་སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་འཕེལ་རྒྱས་གཏོང་བའི་རྩ་བའི་འགན་ལེན་ཡིན། དོན་ཚན་གཉིས་ཁོང་དུ་ཆུད་པར་བྱེད་དགོས་ཏེ། གཅིག་ནི་རྒྱ་ཆེའི་རིག་རྩལ་ལས་དོན་པར་དམ་པོ་བརྟེན་དགོས་པ་དང་། གཉིས་ནི་རིག་རྩལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་པ་དང་བརྩི་སྲུང་ཞུ་དགོས། རིག་རྩལ་དཔྱད་གཏམ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ལོ་རྒྱུས་དང་། མི་དམངས། སྒྱུ་རྩལ། མཛེས་རིག་བཅས་ཀྱི་ལྟ་བ་སྤྱད་དེ་བརྩམས་ཆོས་ལ་ཤན་འབྱེད་དང་གཟིགས་དཔྱད་བྱེད་པ་དང་། དྲང་གཏམ་དང་གནས་ལུགས་ཤོད་རྒྱུ་དར་སྤེལ་བཏང་སྟེ། རིག་རྩལ་ལ་སྐྱོན་བརྗོད་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་དགོས།