ཞི་ཅིན་ཕིང་གིས་མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་གཟིགས་ཞིབ་གནང་སྐབས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-21   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

ཆབ་སྲིད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དཀའ་སྤྱད་སྙིང་རུས་ཀྱིས་ལས་སྒྲུབ་བཅས་བྱས་ནས་འཐབ་ཇུས་འཕུར་མདེལ་དམག་དཔུང་གི་ཟིལ་ཤུགས་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་དགོས།

    ཟླ་10ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ལུའེ་ཤོག་དེའི་དམག་དཔུང་གི་ལོ་རྒྱུས་ཁྱམས་རིང་ལ་གཟིགས་ཞིབ་གནང་བཞིན་པ།


    ཟླ་10ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་གཟིགས་ཞིབ་གནང་བར་ཕེབས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་སྒྲིག་ཆས་བཀོལ་སྤྱོད་སྦྱོང་བརྡར་གྱི་གནས་ཚུལ་ལ་གཟིགས་ཞིབ་གནང་སྐབས། དཔོན་དམག་དང་བྱམས་བརྩེའི་བཀའ་མོལ་གནང་བཞིན་པ།

        ཤིན་ཧྭ་གསར་འགྱུར་ཁང་ཧོ་ཧྥེ་ནས་ཟླ་10ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་གཟིགས་ཞིབ་གནང་བར་ཕེབས་སྐབས། དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་བྱེད་ཕྱོགས་ལག་བསྟར། འཐབ་ཇུས་འཕུར་མདེལ་དམག་དཔུང་འཛུགས་སྐྱོང་དང་དམག་འཐབ་བཀོལ་སྤྱོད་ཀྱི་ཁྱད་ཆོས་དང་ཆོས་ཉིད་སྟངས་འཛིན། ཆབ་སྲིད་ལ་བརྟེན་ནས་སྣེ་ཁྲིད་མཐའ་འཁྱོངས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ། དཀའ་སྤྱད་སྙིང་རུས་ཀྱིས་ལས་སྒྲུབ་བྱེད་པ། དམག་དཔུང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་ཀྱི་ཟིལ་ཤུགས་དང་དངོས་འཐབ་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་དཀྲིས་པའི་ལས་འགན་ཁག་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    སྟོན་ཟླ་བཅུ་པར། འབྲི་ཆུ་དང་ཧོའེ་ཆུའི་འབབ་རྒྱུད་ཀྱི་ས་གཞི་ཆེན་པོར་རི་ཆུ་མཛེས་ལ་ཡུལ་ལྗོངས་ལྟ་ན་སྡུག སྔ་དྲོའི་ཆུ་ཚོད་11ཙམ་ལ། ཞི་ཅིན་ཕིང་མེ་ཤུགས་འཕུར་མདེལ་དམག་དཔུང་གི་ལུའེ་ཤོག་ཅིག་ཏུ་ཕེབས་ནས་དང་ཐོག་ལུའེ་ཤོག་དེའི་དམག་དཔུང་གི་ལོ་རྒྱུས་ཁྱམས་རིང་ལ་གཟིགས་ཞིབ་གནང་བ་རེད། ལུའེ་ཤོག་དེ་ནི་ལོ་50ལྷག་ཙམ་གྱི་གཟི་བརྗིད་ལོ་རྒྱུས་ལྡན་པའི་འཐབ་ཇུས་འཕུར་མདེལ་དམག་དཔུང་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་འོག ལུའེ་ཤོག་དེས་དར་ཆ་བསྒྲེངས་ནས་བླ་སྲོག་གཏོད་པ་དང་དངོས་འཐབ་ཅན་གྱི་སྦྱོང་བརྡར་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ། ལས་འགན་གལ་ཆེན་རབ་དང་རིམ་པ་གཟེངས་སུ་ཐོན་པའི་ངང་ལེགས་སྒྲུབ་བྱས་ཡོད། དཔུང་སྡེའི་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་དང་དུས་རབས་གསར་པའི་ཕྱོགས་ཡོངས་འཛུགས་སྐྱོང་མངོན་པའི་འགྲེམས་པང་གི་མདུན་དུ་ཞི་ཅིན་ཕིང་གིས་དཔོན་དམག་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། དམག་སྦྱོང་དམག་གྲབས་ལ་དམ་འཛིན་ནན་པོ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    སྦྱོང་བརྡར་བྱ་ཡུལ་དུ། འཕུར་མདེལ་གྲལ་འགྲིག་པོར་བསྒྲིགས་ཡོད། འདི་ནི་ལུའེ་ཤོག་དེའི་གསར་དུ་བརྗེས་པའི་དམག་འཐབ་གཙོ་བོའི་གོ་མཚོན་སྒྲིག་ཆས་རེད། ཞི་ཅིན་ཕིང་འདི་གར་ཕེབས་ནས་གོ་མཚོན་སྒྲིག་ཆས་ཀྱི་ལག་རྩལ་དང་འཐབ་ནུས་ཀྱི་ངོ་སྤྲོད་གསན་པ་དང་འབྲེལ། དཔོན་དམག་གི་བཀོལ་སྤྱོད་སྦྱོང་བརྡར་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། དཔོན་དམག་གི་བཀོལ་སྤྱོད་བྱང་ཆུབ་པ་དང་། སྦྱོང་བརྡར་ཡག་པོ་ཐེབས་པ། ངར་ཤུགས་ཆེ་བ་བཅས་ཡོད་པ་གཟིགས་སྐབས་ཞི་ཅིན་ཕིང་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས་དཔོན་དམག་དང་ལྷན་བཞུགས་དྲན་རྟེན་སྐུ་པར་བསྐྱོན་ནས་ཚང་མར་སྙིང་རུས་ཆེན་པོས་སྦྱོང་བརྡར་དང་། ཚན་རིག་དང་མཐུན་པའི་སྦྱོང་བརྡར། བདེ་འཇགས་ལྡན་པའི་སྦྱོང་བརྡར་བཅས་བྱས་ནས་ལག་ནང་གི་གོ་མཚོན་བཀོལ་སྤྱོད་བྱང་    ཆུབ་པ་དང་ཡག་པོ་སྤྱད་དེ། ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཆུད་ཟོས་སུ་གཏོང་རྒྱུ་མེད་པའི་སྐུལ་ལྕག་གནང་བ་རེད།

དེ་རྗེས། ཞི་ཅིན་ཕིང་གིས་ལུའེ་ཤོག་དེའི་ལས་དོན་སྙན་སེང་གསན་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས། ཀྲུང་དབྱང་དམག་ཨུད་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུའི་དགོངས་དོན་དཔུང་སྡེར་དོན་འཁྱོལ་ཐུབ་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་བཏང་ནས། རིམ་པ་འདི་གའི་ཏང་ཨུད་དང་འགོ་ཁྲིད་ལས་བྱེད་པ་འབུར་དུ་ཐོན་པ་དང་། དཔུང་སྡེའི་དོན་དངོས་དང་ཟུང་འབྲེལ་དམ་ཟབ། ཆབ་སྲིད་སྦྱོང་སྒྲིག་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་བྱེད་པའི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཡག་པོ་བྱེད་དགོས། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། འཕེན་སྒྲོམ་འོག་ཏུ་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས། དམག་དཔུང་གིས་དུས་དང་གནས་ཚུལ་གང་རུང་འོག་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་བཀོད་འདོམས་ལ་མཐའ་གཅིག་ཏུ་ཉན་པར་འགན་ལེན་བྱེད་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་བཏང་སྟེ་ལུའེ་ཤོག་ཏང་ཨུད་ཀྱི་འགོ་ཁྲིད་ནུས་པ་དང་། སྒྲིག་འཛུགས་ནུས་པ། ལག་ལེན་བསྟར་ནུས་བཅས་ཆེ་རུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྩ་འཛིན་གཞིར་བཟུང་འཛུགས་སྐྱོང་ལ་དམ་འཛིན་དང་དཔོན་དམག་གི་སྣེ་ཁྲིད་དེ་ལས་འགན་སྒྲུབ་ནུས་ཆེ་རུ་བཏང་སྟེ་དཔུང་སྡེ་འཛུགས་སྐྱོང་དང་འཐབ་ནུས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། བསམ་བློའི་རྩ་བའི་གནད་དོན་ལ་དམ་འཛིན་གྱིས་གྲོས་བསྡུར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་བཏང་སྟེ་དཔོན་དམག་ཉེ་འགྲམ་གྱི་རུལ་སུངས་ཀྱི་གནད་དོན་དང་ཚུལ་མིན་སྤྱོད་ཚུལ་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་ལས་ཁུངས་ཀྱིས་ལས་ཀར་མཛུབ་ཁྲིད་བྱེད་སྟངས་ལེགས་སུ་བཏང་ནས་སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱེད་པ་དང་། “མང་བ་ལྔའི”གནད་དོན་རྒྱུན་མཐུད་ཐག་གཅོད་ཀྱིས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ། ལྷག་བསམ་རྣམ་དག་གིས་དཔོན་དམག་གི་སེམས་ཁྲལ་དང་དཀའ་ངལ་སེལ་བ་བཅས་བྱས་ཏེ། ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སེམས་ཁྲལ་གྱི་འདུ་ཤེས་དང་། ཉེན་ཁའི་འདུ་ཤེས། དམག་རྒྱག་གི་འདུ་ཤེས་བཅས་ཟབ་ཏུ་བཏང་ནས་དམག་སྦྱོང་དམག་གྲབས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། དམག་དཔུང་གི་དམག་འཐབ་ནུས་པ་ཆེ་རུ་ཏན་ཏིག་བཏང་སྟེ་རྒྱལ་ཁབ་ཀྱི་འཐབ་ཇུས་བདེ་འཇགས་དང་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱེད་དགོས། དེང་རབས་དམག་འཁྲུག་གི་རྣམ་པ་དང་དམག་རྒྱག་སྟངས་ཀྱི་འགྱུར་ལྡོག་དང་འཚམ་པར་བྱས་ནས་དམག་འཐབ་ལས་འགན་དང་། དམག་འཐབ་འགྲན་ཡ། དམག་འཐབ་ཁོར་ཡུག་བཅས་དང་དམ་པོར་བསྟུན་པ་དང་། དམིགས་སའི་རང་བཞིན་ལྡན་པའི་ངང་སྒྲིག་ཆས་གསར་པ་དང་། རྩལ་ནུས་གསར་པ། དམག་རྒྱག་སྟངས་གསར་པ་བཅས་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་སྟེ་དཔེ་མཚོན་བྱ་སྤྱོད་ལ་ཆེད་སྦྱོང་ཞིབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། ལེ་ལག་ཚང་བའི་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མ་ལག་གྲུབ་པ་དང་དངོས་འཐབ་ནུས་པ་ཆགས་པར་བྱེད་དགོས། དོན་དངོས་ལ་གཞི་ཚུགས་ནས་བྱས་རྗེས་ཧུར་ཐག་འཇོག་པ་དང་། འཐབ་ཇུས་སྟོབས་ཤུགས་སྤྱོད་སྟངས་དང་སྒྲིག་འཛུགས་བྱེད་སྟངས་འཚོལ་ཞིབ་གསར་གཏོད་བྱས་ཏེ། ལག་ནང་གི་གོ་མཚོན་གྱི་འཐབ་ཇུས་ནུས་པ་གང་ལེགས་འདོན་དགོས།