རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-22   རྩོམ་ཁུངས།    中央广播电视总台藏语
ཟླ་10ཚེས་18ཉིན《རྒྱུད་བཞིའི》རྒྱལ་སྤྱིའི་རིག་གཞུང་སྤེལ་རེས་ཚོགས་འདུ་སྐབས་དང་པོ་དེ་ལྷ་སར་འཚོགས་པ་དང་། ཚོགས་འདུའི་ཐོག་བོད་ཀྱི་སྨན་རྩིས་གཞི་གྲངས་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཡོད། ལྟེ་གནས་དེར་བོད་ཀྱི་སྨན་རྩིས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་དང་དཔྱད་རྩོམ། བོད་སྨན་གྱི་སྨན་རྒྱུ་སོགས་ཀྱི་ནང་དོན་ཚུད་པའི་གཞི་གྲངས་ཀྱི་མཛོད་ཆེ་གྲས་བཅུ་བཙུགས་ཡོད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་སྨན་རམས་པ་གཞོན་པ། ལྟེ་གནས་དེའི་ལས་དོན་མི་སྣ་གཙོ་བོ་མགོན་པོ་དོན་གྲུབ་ཀྱིས། 2006ལོ་ནས་བཟུང་བོད་ཀྱི་སྨན་རྩིས་གཞི་གྲངས་ཅན་དུ་འགྱུར་བའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ཚན་ཞིབ་མི་སྣ་30ལྷག་ཙམ་གྱིས་ལོ་མང་འབད་བརྩོན་བྱས་པ་བརྒྱུད་ཕོ་བྲང་པོ་ཏ་ལ་དང་ནོར་བུ་གླིང་ཁ་སོགས་བོད་ལྗོངས་ཀྱི་ས་ཆ་མང་པོ་ནས་འབྲེལ་ཡོད་དཔེ་རྙིང་དང་ཚད་ལྡན་ཡིག་ཆ་བསྡུ་རུབ་བྱས་པ་མ་ཟད། ད་དུང་མཚོ་སྔོན་དང་ཀན་སུའུ། ཡུན་ནན། སི་ཁྲོན། ནང་སོག ལེའོ་ཉིང་བཅས་ས་གནས་ཁག དེ་བཞིན་མོང་གོལ་རྒྱལ་ཁབ་དང་ཨ་རི། ཧྥ་རན་སེ་སོགས་ནས་ས་གནས་དེ་གར་ཉར་ཚགས་བྱས་པའི་བོད་ཀྱི་སྨན་རྩིས་ཀྱི་ཚད་ལྡན་ཡིག་ཆ་རྩ་ཆེན་བསྡུ་རུབ་བྱས་པ་དང་འབྲེལ་གཞི་གྲངས་ཅན་དུ་འགྱུར་ཡོད་ཅེས་ངོ་སྤྲོད་གནང་ཡོད།
མིག་སྔར་གཞི་གྲངས་ལྟེ་གནས་དེས་བོད་ལུགས་གསོ་རིག་གི་སྨན་པ་གྲགས་ཅན་གྱི་གཞི་གྲངས་མཛོད་དང་། བོད་ཀྱི་སྨན་རྩིས་ཀྱི་ཚད་ལྡན་ཡིག་ཆའི་གཞི་གྲངས་མཛོད། བོད་ཀྱི་སྨན་རྩིས་དཔྱད་རྩོམ་གྱི་གཞི་གྲངས་མཛོད། བོད་སྨན་སྨན་ཐོའི་གཞི་གྲངས་མཛོད། བོད་སྨན་གྱི་སྨན་རྒྱུའི་གཞི་གྲངས་མཛོད། བོད་ཀྱི་སྨན་རྩིས་ཆེད་མཁས་པའི་བརྙན་པར་ཐོན་ཁུངས་ལྟེ་གནས། བོད་སྨན་ཤེས་ལྡན་མི་སྣའི་སྒྲིག་གཞིའི་གཞི་གྲངས་མཛོད། གནམ་རིག་སྐར་རྩིས་ཀྱི་གཞི་གྲངས་མཛོད། བོད་ཀྱི་བསྐལ་འཁོར་ལོ་ཐོ་ཤན་སྦྱར་དྲུག བོད་ཀྱི་ སྨན་ཐང་གཞི་གྲངས་མཛོད་སོགས་གཞི་གྲངས་མཛོད་ཆེ་གྲས་བཅུ་བསྐྲུན་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གི་སྨན་རམས་པ་གཞོན་པ། ལྟེ་གནས་དེའི་ལས་དོན་མི་སྣ་གཙོ་བོ་མགོན་པོ་དོན་གྲུབ་ཀྱིས། ལོ་མང་འབད་བརྩོན་བྱས་པ་བརྒྱུད། ལྟེ་གནས་དེས་བསྡུས་པའི་གཞི་གྲངས་ནང་བོད་ཀྱི་སྨན་རྩིས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆ་1700ལྷག་ཙམ་དང་། བོད་ཀྱི་བསྐལ་འཁོར་ལོ་ཐོའི་གཞི་གྲངས་ཁྲི་537 གནམ་རིག་སྐར་རྩིས་ཀྱི་གཞི་རྩའི་གཞི་གྲངས་ཁྲི་8776 སྨན་ཐང་གི་རི་མོའི་ཕྱོགས་བསྒྲིགས་དེབ་800ལྷག་ཙམ། བོད་སྨན་གྱི་སྣ་འདུས་གཞི་གྲངས་9708བཅས་ཚུད་ཡོད་ཅེས་ཁ་གསབ་གནང་།
ལྟེ་གནས་དེས་ད་ཡོད་ཀྱི་གཞི་གྲངས་གཞིར་བཟུང་གསར་སྤེལ་བྱས་པའི་ཡུམ་པའི་བསྐལ་འཁོར་ལོ་ཐོ་དང་སྐར་རྩིས་APPཁག་གཉིས་2023ལོའི་ཟླ་6པར་སྤྱོད་འགོ་ཚུགས་ཡོད་པ་དང་། སྤྱིའི་ཕབ་ལེན་བྱེད་ཚད་ཐེངས་ཁྲི་7ལྷག་ཙམ་ཟིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཕྱི་རྒྱལ་གྱི་ཁྲོམ་རར་ཕབ་ལེན་བྱེད་ཚད་ཐེངས་ཁྲི་4.5ལྷག་ཙམ་ཟིན་ཡོད་པ་དང་། དེའི་ནང་ཨ་ཤེ་ཡ་ལྷོ་མ་དང་མེ་གླིང་བྱང་མ། ཡོ་རོབ། ཨ་ཤེ་ཡ་ཤར་མ་སོགས་ས་ཁོངས་ཚུད་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྟེ་གནས་དེ་ནི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞི་གྲངས་ཅན་གྱི་ཆ་འཕྲིན་མ་ལག་ཅིག་ཡིན་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་རིགས་ཁག་གི་ཐོན་ཁུངས་འཚོལ་ལེན་དང་གསལ་སྟོན། ཕྱིར་འདོན་བཅས་བྱེད་ཐུབ་ཀྱི་ཡོད་ཅིང་། དེ་ཉིད་ཚད་ལྡན་ཡིག་ཆ་ཞིབ་འཇུག་དང་བོད་ལུགས་གསོ་རིག་གི་ནད་ཐོག་སྨན་བཅོས། ཚན་རིག་ཞིབ་འཇུག ཐོན་ལས་བཀོལ་སྤྱོད། གསར་གཏོད་གསར་སྤེལ་སོགས་ཁྱབ་ཁོངས་སུ་སྤྱོད་རྒྱུར་འཚམ་པ་མ་ཟད། བོད་ལུགས་གསོ་རིག་གི་སྨན་བཅོས་དང་བོད་ལུགས་གསོ་རིག་གི་སློབ་གསོ། ཚན་རིག་ཞིབ་འཇུག སྨན་རྫས་རིག་གནས་སོགས་སྒྲིག་གཞིར་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་ཐུབ་ཀྱི་ཡོད་པ་རེད།