བོད་ཤོག་བཟོ་རྩལ་བརྒྱུད་འཛིན་མཁན་སྐྱིད་མཚོའི་གནས་ཚུལ་རགས་བཀོད།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-22   རྩོམ་ཁུངས།    ཁམས་པའི་དྲ་བ།

            

བརྩེ་བའི་རང་མདངས་ཤོག་བུ་བཞིན་དུ་དཀར།།

བོད་ཤོག་བཟོ་རྩལ་བརྒྱུད་འཛིན་གོང་དུ་སྤེལ།།

རྟའུ་ཡི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་སྐྱིད་མཚོའི་གནས་ཚུལ་རགས་བཀོད།

    བོད་ཤོག་མང་ཆེ་བ་ནི་སེར་མདོག་ཡིན་ལ་མཁྲེགས་ཤིང་མཉེན་ཆ་ཞན་པས་དལ་བུར་རྡབ་རྡབ་བྱེད་ཚེ་ཧྲག་ཧྲག་གི་སྒྲ་གྲགས་ཀྱི་ཡོད། ཤོག་བུ་དེ་རིགས་ནི་སྤྱི་ལོ་དུས་རབས7པའི་དུས་དཀྱིལ་དུ་ཐོན་པ་དང་། དེས་ལོ་ངོ་སྟོང་ཕྲག་རིང་གི་བོད་ཀྱི་རིག་གནས་ལོ་རྒྱུས་མཚོན་པ་དང་། དུས་ཡུན་རིང་པོའི་ལོ་ཟླའི་ཁྲོད་བོད་རིགས་མི་དམངས་ཀྱིས་རང་ས་རང་ཡུལ་ནས་རྒྱུ་ཆ་བླངས་ཏེ་ས་གནས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་བོད་ཤོག་བཟོས་པ་དང་། དེས་བོད་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཤེས་དཔལ་འཕེལ་རིམ་བྲིས་ཡོད།

    རྟའུ་རྫོང་ཁང་གསར་ཡུལ་ཤོག་བྲག་ཐོག་གྲོང་སྡེ་ནས་འཚར་ལོངས་བྱུང་བའི་སྐྱིད་མཚོ་ནི་ཆུང་དུས་ནས་བོད་ཤོག་རིག་གནས་ལ་ཧ་ཅང་དགའ་པོ་ཡོད། 2008ལོར་སྐྱིད་མཚོས་དགེ་རྒན་རྒྱ་མཚོ་གྲགས་པའི་མདུན་ནས་ཤོག་བུ་བཟོ་བའི་ལག་ཤེས་སྦྱོང་བའི་སྐལ་བ་ཐོབ་ཅིང་། དེ་ནས་བཟུང་མོས་མི་ཚེའི་རེ་སྙེག་དང་ཁ་ཕྱོགས།འབད་བརྩོན་གྱི་དམིགས་འབེན་རྙེད་པ་དང་ཆབས་ཅིག་ལས་དོན་དེར་དཔྲལ་བའི་མིག་དང་ཁོག་པའི་སྙིང་བཞིན་གཅེས་སུ་བཟུང་སྟེ་བརྩོན་པའི་སེམས་ཀྱང་ཉལ་འགྲོའི་རྒྱུན་དང་འགྲོགས་པར་བྱས།     སྐྱིད་མཚོས་ངས་ལོ15ལོན་པ་ནས་བཟུང་བོད་ཤོག་བཟོ་བའི་ལག་ཤེས་སྦྱངས་ནས་ད་བར་ལོ20བརྒལ་སོང་ཞེས་བཤད། སྐད་ཆ་ཐུང་ཐུང་ཞིག་ལས་མེད་ཀྱང་ང་ཚོས་དེ་ལས་མོས་བོད་ཤོག་བཟོ་རྩལ་གྱི་བརྒྱུད་རིམ་ཁྲོད་དུ་དགའ་སྐྱོ་སྐྱིད་སྡུག་དུ་མ་ཞིག་མྱོང་ཡོད་པ་ཚོར་ཐུབ།

    ཁང་གསར་ཡུལ་ཤོག་བྲག་ཐོག་གྲོང་སྡེའི་ལུང་ཁུག་གི་ཆུ་ཕྲན་ཞིག་བརྒྱུད་དེ་ཡར་སོང་བ་ན། སྐྱིད་མཚོ་ཚང་གི་བོད་ཤོག་ལས་གྲྭ་མིག་ལམ་དུ་མངོན་ཡོང་། ནང་དུ་སོང་བ་ན་སྐྱིད་མཚོས་རེ་ལྕག་ཁུ་བ་ཇ་མདོང་དུ་དཀྲུགས་རྗེས་ཆུ་ནང་གི་བོད་ཤོག་ལུགས་ཆས་སུ་བླུགས་པ་དང་། རེ་ལྕག་ཁུ་བ་མཐུག་སྲབ་སྙོམས་པོར་ཁེབས་པར་བཟོས་རྗེས་ལུགས་ཆས་ཕྱིར་བླངས་ཏེ་ཐོག་ཁང་གཉིས་པའི་བསིལ་སྐམ་ཁང་དུ་སྐེམ་བཞིན་ཡོད་པར་མཐོང་། སྐྱིད་མཚོས་བཟོས་ཚར་བའི་བོད་ཤོག་ཞིག་དལ་བུར་བཀལ་རྡང་ནས་མར་ལེན་ཞོར་གསར་འགོད་པར་ད་ལྟ་རེ་ལྕག་གི་རྩ་བ་བརྐོ་བའི་དུས་ཚིགས་ལ་སླེབས་ཡོད། བརྐོས་པའི་རེ་ལྕག་བཀྲུས་ནས་བསྐམས་རྗེས་ཕྱི་ལྤགས་སེར་སྨུག་བཤུས་ཏེ་ཚི་སྣ་དཀར་པོ་བླངས་ནས་ཆུ་ཚོད་བཅུ་ཕྲག་ཁ་ཤས་བཙོས་རྗེས་བརྡར་དཀྲུགས་བརྡུངས་གསུམ་གྱིས་གཤེར་ཁུར་གྲུབ་པ་ཆུར་ལུགས་བརྒྱབ་པ་དང་། དེ་ནས་བསིལ་སྐམ་དང་འཇམ་བརྡར་གྱི་བརྒྱུད་རིམ་རྫོགས་རྗེས་ད་གཟོད་བོད་ཤོག་ཅིག་བཟོས་ཚར་བ་རེད་ཅེས་ངོ་སྤྲོད་གོ་བདེ་མོར་བྱས།

བོད་ཤོག་ལེན་བཞིན་པ།

    བརྩོན་པའི་གྲུབ་འབྲས་གཡུར་དུ་སྨིན།། རེ་བའི་ཟླ་གཞོན་མཁའ་རུ་ཤར།།

    ལོ15ལ་སོན་པའི་སྐྱིད་མཚོས་གྲོགས་པོའི་ས་ནས་བོད་ཀྱི་རིག་གནས་སྐོར་གྱི་གཏམ་རྒྱུད་མང་པོ་ཐོས་པ་དང་། དེའི་ནང་ཐུན་མོང་མ་ཡིན་པའི་བོད་ཤོག་བཟོ་རྩལ་གྱིས་སྐྱིད་མཚོའི་ཡིད་དབང་འཕྲོག་པ་རེད། ཁྱིམ་མིའི་བློར་མ་བབས་ཀྱང་མོས་སེམས་ཐག་གཙང་བཅད་དང་དཀའ་བར་གདོང་གཏད་ཀྱིས་དཔལ་སྨད་གྲོང་རྡལ་དུ་བོད་ཤོག་བཟོ་རྩལ་སློབ་སྦྱོང་བྱེད་སར་སོང་བ་རེད། སྦྱངས་པ་གྲུབ་རྗེས་བོད་ཤོག་གི་བཟོ་རྩལ་ལ་རྒྱུ་ཆ་མང་པོ་དགོས་པས་སྐྱིད་མཚོས་ཐོག་མར་རང་ཁྱིམ་གྱི་ཇ་མདོང་དང་རྡོ་གཏུན། དགེ་རྒན་གྱིས་གནང་བའི་ལུགས་ཆས་ཆུང་ངུ་སོགས་སྤྱད་ནས་བོད་ཤོག་བཟོ་འགོ་བཙུགས། དང་པོའི་བཟོ་ཡུལ་ཡང་ཨ་ཞང་གི་གྲྭ་ཤག་ཏུ་བྱས་ཤིང་བཟོས་པའི་བོད་ཤོག་ཚང་མ་ཨ་ཞང་གིས་ཆོས་དཔེ་བྲི་བྱར་སྤྱད་པ་དང་། ཨ་ཞང་གིས་ཀྱང་དྲིལ་བསྒྲགས་ཤུགས་ཆེན་བྱས་པར་བརྒྱུད་མི་མང་པོ་ཞིག་གིས་སྐྱིད་མཚོས་བཟོས་པའི་བོད་ཤོག་ལ་ཁས་ལེན་གང་ལེགས་བྱས་པ་རེད། དེ་ནས་སྐྱིད་མཚོ་ཡང་གྲོང་སྡེར་སྐད་གྲགས་ཅུང་ཡོད་པའི་བོད་ཤོག་བཟོ་རྩལ་པ་ཞིག་ཏུ་གྱུར། རྗེས་ནས་སྐྱིད་མཚོའི་བོད་ཤོག་ལས་གྲྭ་ཁྱིམ་དུ་སྤོས་པ་དང་། ནང་མི་ཚོའི་རྒྱབ་སྐྱོར་ཡང་ཐོབ་པ་སྟེ། ཨ་ཕས་བོད་ཤོག་གི་ལུགས་ཆས་བཟོ་བའི་འགན་འཁུར་བ་དང་། གཅུང་པོ་དང་གཅུང་མོས་རེ་ལྕག་རྩ་བ་བརྐོ་བའི་འགན་བླངས་ཤིང་། ཨ་མས་རེ་ལྕག་ཁུ་བ་དཀྲུག་པའི་འགན་ཁུར་བ་རེད། ལོ་བཅུར་འདས་རྗེས་སྐྱིད་མཚོའི་བཟའ་ཟླ་ཡང་བོད་ཤོག་བཟོ་རྩལ་གྱི་གྲས་སུ་ཞུགས་ནས་ནང་མི་ཚང་མ་བོད་ཤོག་བཟོ་རྩལ་ལ་བྱང་ཆུབ་པ་ཤ་སྟག་གྱུར་ཡོད།

    སྐྱིད་མཚོའི་ཁྱིམ་ཚང་གི་ལས་གྲྭར་བསྐྱོད་སྐབས་བོད་ཤོག་གི་ལུགས་ཆས་དང་བསྡུ་སྒྲིལ་ཟིན་པའི་བོད་ཤོག། སྣོད་ཁུག་ཏུ་བླུགས་པའི་རེ་ལྕག་རྩ་བ། བོད་ཤོག་གི་ཡིག་གཟུགས་དང་རི་མོ། རྒྱན་སྒྲོན་སོགས་གང་སར་མཐོང་རྒྱུ་ཡོད།

སྐྱིད་མཚོར་ཁམས་ཀྱི་བཟོ་རྩལ་མཁས་པའི་ལག་ཁྱེར་ཐོབ།

སྐྱིད་མཚོར་རྟའུ་ལག་ཤེས་པའི་གཟི་བརྗིད་མཚན་སྙན་ཐོབ།

    བཟོ་རྩལ་སྙིང་སྟོབས་དར་སྤེལ་བཏང་།། བསྟོད་པའི་དུང་སྒྲ་ཀུན་ནས་གྲགས།།

    བོད་ཤོག་བཟོ་རྩལ་ནི་ལས་ཀ་ཞིབ་ཚགས་ཆེ་ལ་རྙོག་འཛིང་ཆེ་བ་ཞིག་ཡིན། བཤུ་གཤག་རྡུང་དཀྲུག་བཙོ་སོགས་རིམ་པ་བཅུ་ལྷག་བརྒྱུད་དགོས།སྐྱིད་མཚོ་ལ་སེམས་རྣལ་དུ་གནས་ཐུབ་པའི་ངང་རྒྱུད་དང་། སྙིང་རུས་རྡོ་འབིགས་ཀྱི་བློ་སྤོབས། ལས་རིམ་ཞིབ་ཆའི་བསྲན་ཚུགས། ཐོན་རྫས་སྤུས་དག་གི་རེ་སྙེག་བཅས་འཛོམས་པའི་རྨང་གཞི་ཐོག། ལོ20རིང་གི་བོད་ཤོག་བཟོ་རྩལ་གྱི་ཉམས་མྱོང་བསགས་ཡོད་པར་བརྟེན། མོའི་ལག་ནས་ཐོན་པའི་བོད་ཤོག་ཕྱིའི་བཟོ་ལྟ་དང་ནང་གི་སྤུས་ཀ་ཚང་མ་ཀུན་ལས་ལྷག་ཅིང་བསྟོད་པའི་ཁ་གཡང་འབོད་མཁན་ཇེ་མང་ནས་ཇེ་མང་དུ་སོང་།

    ཁོང་གིས་བཟོས་པའི་བོད་ཤོག་ལ་པེ་ཅིང་དང་ཧྲང་ཧའེ། ཀོང་ཀྲོའུ། མཚོ་སྔོན། བོད་ལྗོངས་སོགས་ཀྱི་ཡིག་གཟུགས་དང་རི་མོ་མཁན་ཅན་ཚོའི་དགའ་བསུ་ཐོབ་པ་རེད། བོད་ཀྱི་ཐང་ག་རི་མོ་བ་དང་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་བོད་ཀྱི་ཐང་ག་ཀརྨ་སྒར་བྲིས་ལུགས་ཀྱི་བརྒྱུད་འཛིན་པ་དགེ་རྒན་ལེགས་སྨོན་ལགས་ཀྱིས་སྐྱིད་མཚོའི་བོད་ཤོག་ནི་བོད་འབྲེལ་ས་ཁུལ་ཡོངས་ནས་བརྗོད་ན་རྩེ་གྲ་དང་བཟང་ཤོས་རེད་འདུག་ཅེས་སྐྱིད་མཚོའི་བོད་ཤོག་ཏུ་བསྟོད་ཚིག་བྲིས་ཡོད།ལོ20རིང་ལ་སྐྱིད་མཚོས་ཐོན་རྫས་སྤུས་དག་པར་འགན་ཁུར་བ་དང་གཞན་གྱི་བསྟོད་བསྔགས་ཆུད་ཟོས་སུ་མི་གཏོང་བར་ལག་བཟོ་དང་རྩལ་ནུས་ཐད་འཕེལ་རྒྱས་དང་ཚད་བརྒལ་གསར་པ་ཡོང་ཐབས་བཙལ་ནས་རང་བདག་གིས་བོད་ཤོག་ནག་པོ་བཟོ་བའི་ལག་རྩལ་གསར་དུ་བཏོད་པ་རེད།

    བོད་ཤོག་བསྡུ་ཉར་བྱེད་བཞིན་པ།

    ལག་རྩལ་བརྒྱུད་འཛིན་ལས་ལ་འབད།། ཐབས་ལམ་གསར་པ་རབ་ཏུ་བསྐྱེད།།

    སྐྱིད་མཚོས་སྲོལ་རྒྱུན་གྱི་བོད་ཤོག་བཟོ་པ་དང་ཆབས་ཅིག་བོད་ཀྱི་སྣག་ཚ་དང་སྨྱུ་གུ་བཟོ་བར་འབད་འབུངས་བྱས་ཤིང་། ཤོག་བུ་བཟོ་བ་ཡི་གེ་འབྲི་བའི་ཆེད་དུ་ཡིན་ལ། ཡི་གེ་འབྲི་བར་མེད་དུ་མི་རུང་བ་ནི་སྣག་ཚ་ཡིན།སྐྱིད་མཚོ་ལ་བོད་ཤོག་དང་སྣག་ཚ། སྨྱུ་གུ་བཅས་མེད་དུ་མི་རུང་བ་གསུམ་ག་ལྷན་དུ་འཛོམས་པ་དང་། ཕྱོགས་གཅིག་ནས་ཡོང་འབབ་ཐབས་ལམ་རྒྱ་སྐྱེད་པ་དང་ཕྱོགས་གཞན་ཞིག་ནས་ཡིག་གཟུགས་དང་རི་མོ་ལ་དགའ་མཁན་ཚོར་སྟབས་བདེར་བྱས་ཏེ་བོད་ཤོག་བརྒྱུད་འཛིན་དང་མཉམ་དུ་སྣག་ཚ་དང་སྨྱུ་གུའི་ལག་རྩལ་ཡང་ཞོར་དུ་བརྒྱུད་འཛིན་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། དེང་རབས་མི་རྣམས་ཀྱིས་སྲོལ་རྒྱུན་རིག་གནས་ལ་དགའ་ཞེན་ཆེན་པོ་བྱེད་ཀྱི་ཡོད། སྐྱིད་མཚོའི་མིང་གྲགས་རིམ་བཞིན་ཆེ་རུ་སོང་བ་དང་བསྟུན་ནས་མོའི་མདུན་དུ་ལག་རྩལ་སྦྱང་ས་ཡོང་མཁན་སློབ་མ་ཇེ་མང་དུ་ཕྱིན་ཡོད། སྲོལ་རྒྱུན་རིག་གནས་དར་སྤེལ་དང་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་ཡག་པོ་བྱ་ཆེད། སྐྱིད་མཚོས་ཡུལ་མི་ཚོར་རིན་མེད་ངང་བོད་ཤོག་བཟོ་སྟངས་ཀྱི་ལག་རྩལ་སློབ་ཁྲིད་བྱེད་ཀྱི་ཡོད། ད་ཆར་བྲག་ཐོག་གྲོང་སྡེའི་མི་ཚང་མས་བོད་ཤོག་བཟོ་ཤེས་ཀྱི་ཡོད། 2020ལོ་ནས་བཟུང་མོས་སྔ་རྗེས་སུ་དཔལ་ཡུལ་རྫོང་དང་གསེར་རྟ་རྫོང་། བྲག་མགོ་རྫོང་བཅས་སུ་བོད་ཤོག་ལག་ཤེས་ཀྱི་བཟོ་རྩལ་སློབ་མ200ལྷག་ལ་མཛུབ་ཁྲིད་བྱས་པ་རེད།

    སྐྱིད་མཚོས་བཟོས་པའི་བོད་ཤོག་ནི་སྲོལ་རྒྱུན་གྱི་བོད་ཤོག་བཟོ་རྩལ་བརྒྱུད་འཛིན་པར་མ་ཟད། དེང་རབས་ཀྱི་རྡོ་པར་དང་ཤིང་པར། འཕྲུལ་པར་སོགས་དང་ཟུང་འབྲེལ་བྱས་ཏེ། བོད་ཤོག་ལ་བཀོལ་སྤྱོད་ཀྱི་རིན་ཐང་དང་ཉར་ཚགས་ཀྱི་རིན་ཐང་སྔར་བས་ལྡན་པར་བྱས། འབྱུང་འགྱུར་གྱི་དམིགས་འབེན་སྐོར་གླེང་སྐབས། སྐྱིད་མཚོས་མི་དེ་བས་མང་པོས་བོད་ཤོག་གི་རིག་གནས་ཤེས་རྟོགས་དང་རྒྱུས་ལོན་ཐུབ་པ་དང་། གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པ་མང་པོ་དང་སྤེལ་རེས་མཉམ་ལས་ཀྱི་གོ་སྐབས་མང་ཙམ་བྱུང་ནས་བོད་ཤོག་ཙམ་མ་ཟད་བོད་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་ཐམས་ཅད་འཛམ་བུ་གླིང་ལ་བསྒྲག་ཐུབ་པའི་རེ་བ་འཆང་ཡོད། དེ་དང་ཆབས་ཅིག་ངས་ད་དུང་བོད་ཤོག་དང་སྣག་ཚ། སྨྱུ་གུ་བཅས་ཀྱི་བཟོ་རྩལ་ལ་འབད་དེ་ཚད་ལྡན་ཅན་གྱི་ལས་དོན་ཁང་བཙུགས་ནས། བོད་ཤོག་བྲིས་དེབ་དང་བོད་ཤོག་གི་གསར་གཏོད་ཐོན་རྫས་བཟོས་ཏེ་ཁྲོམ་ར་གསར་དུ་རྒྱ་བསྐྱེད་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་ཐབས་ལམ་གསར་པ་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    2021ལོར་སྐྱིད་མཚོ་ལ་ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་བརྒྱུད་འཛིན་པའི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། ལོ་དེའི་ཟླ་བ12པར་ཁམས་ཀྱི་རིག་གནས་འགྲན་སྡུར་ཆེན་པོའི་ཁྲོད་ཁམས་པའི་བཟོ་རྩལ་པ་གྲགས་ཅན་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།།