ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-22   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།

གསར་གཏོད་ཀྱི་གསོན་ཤུགས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱས་ཏེ་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

    ཤིན་ཧྭ་གསར་འགྱུར་ཁང་ཐེན་ཅིན་ནས་ཟླ་10ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་ནས། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བསྐྲུན་རྒྱུ་དེ་ནི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་རེད། ལོ་40ཡི་རིང་། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཟབ་གཏོང་དང་། དཀའ་སྤྱད་འབད་འཐབ། འབད་འབུངས་ཡར་བརྩོན་བཅས་བྱས་ནས་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་པ་དང་། ཁུལ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ། ཐོན་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་གཏོང་བ་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད་ཅེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་པ། གསར་གཏོད་ཀྱི་གསོན་ཤུགས་དང་ནང་སྐྱེས་ཀྱི་སྒུལ་ཤུགས་རྒྱུན་ཆད་མེད་པར་འཕེལ་བ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ནང་ཧུར་ཐག་ཞུགས་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བརྟེན་ནས་གཏིང་ཟབ་པའི་སྒྱུར་བཅོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་དང་། སྒྱུར་བཅོས་སྒོ་དབྱེའི་སྣེ་ཁྲིད་དམག་ཅིག་བྱེད་ཕོད་པ་བྱས་ཏེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་དགོས་པ། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ནང་ཧུར་ཐག་ཞུགས་པ་དང་། རྒྱལ་སྤྱིའི་མཉམ་ལས་རྒྱ་ཆེར་གཏོང་བ། ཚོང་འགུགས་མ་འདྲེན་གྱི་བྱེད་ཐབས་གསར་གཏོད་བཅས་བྱས་ཏེ“ཀྲུང་གོར་མ་འཇོག་བྱེད”ཅེས་པའི་སྤུས་རྟགས་གཏོད་པར་རམ་འདེགས་བྱེད་དགོས་པ། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་རྨང་གཞི་སྲ་བརྟན་དང་གོང་མཐོར་གཏོང་བ་དང་། ཐོན་ལས་རྩེར་སོན་ཅན་དང་། ལྗང་མདོག་ཅན། གྲངས་གཞི་ཅན་བཅས་ལ་སྐུལ་འདེད་གཏོང་བ། གྲངས་འཛིན་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་གཏོད་པ་བཅས་བྱས་ཏེ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

    རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་བཙུགས་ནས་ལོ་40འཁོར་བའི་བཞུགས་མོལ་ཚོགས་འདུ་ཚེས་20ཉིན་ཐེན་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧོ་ལི་ཧྥུང་གིས་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཧོ་ལི་ཧྥུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་ལ་འཕྲད་པའི་དུས་བབ་གསར་པར་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། སྒྲིག་གཞི་དང་ལམ་སྲོལ་སྒྱུར་བཅོས་གསར་གཏོད་ཀྱི་ཚོད་ལྟའི་ཁུལ་གཏོད་པ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བའི་སྔོན་སྐྱོད་པ་ཡག་པོ་ཞིག་བྱེད་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་དཔེ་སྟོན་ཁུལ་བསྐྲུན་པ། ཁུལ་ཁོངས་སྒོ་དབྱེ་དང་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་མཁན་ཞིག་བྱེད་པ། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གསར་པ་ཞིག་ཏུ་འགྱུར་བ་བཅས་བྱས་ནས་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ལས་ཀའི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

    ཚོང་དོན་པུའུ་དང་། ཀྲུང་དབྱང་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། རང་བྱུང་ཐོན་ཁུངས་པུའུ། ཐེན་ཅིན་དང་། ཅང་སུའུ། ཨན་ཧུའེ། ཀོང་ཤིས་བཅས་དང་རྒྱལ་ཁབ་རིམ་པའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འགན་འཁུར་བློ་མཐུན་ཁག་གཅིག་གིས་གཏམ་བཤད་གནང་བ་རེད།