རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-29   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པར།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་བདེ་ཐང་ཀྲུང་གོའི་སྐོར་གྱི་རྣམ་བཤད་བཏུས་བསྒྲིགས》ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད།
མི་དམངས་ཀྱི་བདེ་ཐང་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཐོག་མི་དམངས་ཀྱི་བདེ་ཐང་འགན་ལེན་བྱ་རྒྱུ་དེ་སྔོན་ལ་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་གནས་བབ་ཐོག་བཞག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་འཕྲོད་བསྟེན་དང་བདེ་ཐང་གི་འཕེལ་རྒྱས་ལམ་བུ་མཐའ་འཁྱོངས་དང་། དུས་རབས་གསར་པའི་འཕྲོད་བསྟེན་དང་བདེ་ཐང་གི་ལས་དོན་བྱེད་ཕྱོགས་གཏན་འཁེལ། ཕྱོགས་ཡོངས་ནས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད། སྨན་བཅོས་འཕྲོད་བསྟེན་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་བཅས་བྱས་པས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སྨན་བཅོས་འཕྲོད་བསྟེན་མ་ལག་བསྐྲུན་ཐུབ་པ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་རང་རྒྱལ་མི་དམངས་ཀྱི་བདེ་ཐང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་བདེ་ཐང་ཀྲུང་གོ་འཛུགས་སྐྲུན་ལ་དམིགས་ནས་གནང་བའི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་དེ་དག་གི་བརྗོད་དོན་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་། ནང་དོན་ཕུན་སུམ་ཚོགས་པ། དགོངས་པ་གཏིང་ཟབ་པ་བཅས་ཡོད་པས། དུས་རབས་གསར་པའི་རང་རྒྱལ་གྱི་འཕྲོད་བསྟེན་དང་བདེ་ཐང་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བདེ་ཐང་གི་རྨང་གཞི་བརྟན་པོ་འདིང་རྒྱུར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད།
《རྣམ་བཤད་བཏུས་བསྒྲིགས》ལ་ཆེད་དོན་10དང་རྣམ་བཤད་དུམ་བུ་292ཡོད་པ་དེ་དག་བློ་མཐུན་ཞི་ཅིན་ཕིང་གིས་2012ལོའི་ཟླ་བཅུ་གཅིག་པ་ནས་2024ལོའི་ཟླ་དགུ་པའི་བར་གནང་བའི་སྙན་སྒྲོན་དང་། གསུང་བཤད། གཏམ་བཤད། ཤིས་ཚིག འཕྲིན་ཡིག མཛུབ་སྟོན། མཆན་འགོད་སོགས་ཚད་ལྡན་ཡིག་ཆ་གལ་ཆེན་140ལྷག་ཙམ་ཁྲོད་ནས་གནད་བསྡུས་བྱས་པ་ཡིན་ལ་རྣམ་བཤད་ཁག་གཅིག་ཡོངས་བསྒྲགས་བྱེད་ཐེངས་དང་པོ་ཡིན་པ་རེད།