སོ་སྲིན་བསྐྱེད་པའི་གཏེ་བོ་བཞི།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-10-30   རྩོམ་ཁུངས།    极地科普

        བྱིས་པ་ལོ་ཆུང་ཚོ་ནར་སོན་པའི་གོ་རིམ་ཁྲོད། ཁ་ནང་གི་བདེ་ཐང་ནི་སྣང་ཆུང་བྱ་མི་རུང་བ་ཞིག་ཡིན། སོ་ཡི་བདེ་ཐང་གནས་ཚུལ་གྱིས་ཐད་ཀར་བྱིས་པའི་བཟའ་བཏུང་དང་སྐད་འབྱིན་སྟངས། རང་རྟོན་བཅས་ལ་ཤུགས་རྐྱེན་ཐེབས་སྲིད། སོ་སྲིན་ནི་རྒྱུན་པར་མཐོང་བའི་ཁ་ནང་གི་གནད་དོན་ཞིག་ཡིན་ལ། དུས་ལྟར་སྔོན་འགོག་དང་གསོ་བཅོས་མ་བྱས་ཚེ། བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དཀའ་ཁག་མང་པོ་བཟོ་ངེས། བྱིས་པའི་སོ་སྲིན་བསྐྱེད་པའི་གཏེ་བོ་བཞི་ནི་ཕྲ་སྲིན་དང་བཟའ་བཏུང་། སོ་ཡི་རྒྱུ་སྤུས། དུས་ཚོད་བཅས་ཡིན་ལ། དེ་དག་གིས་ཕན་ཚུན་ཤུགས་རྐྱེན་གཏོང་བ་དང་ཐུན་མོང་ཐོག་བྱེད་ནུས་བཏོན་པ་བརྒྱུད་སོ་སྲིན་སྐྱེད་བཞིན་ཡོད། 

        1.ཕྲ་སྲིན། མི་ཚང་མའི་ཁ་ནང་དུ་ཕྲ་སྲིན་མི་ལེགས་པ་འགའ་རེ་ཡོད་སྲིད་དེ། དཔེར་ན་དབྱིབས་འགྱུར་ཟླུམ་ཕྲེང་དུག་སྲིན་དང་འོ་སྐྱུར་དབྱུག་སྲིན་ལྟ་བུའོ། ། ང་ཚོས་དེ་དག་ལ་སོ་འབུ་ཞེས་འབོད་ཆོག་ལ། དེ་ཚོ་སོའི་ཐོག་གི་ཟས་སྙིགས་བཟའ་བར་ཧ་ཅང་དགའ། སོ་འབུ་ཕྲ་ཡིས་ཟས་སྙིགས་ཟོས་རྗེས་སྐྱུར་གཤིས་ཅན་གྱི་དངོས་པོ་ཞིག་སྐྱུག་པ་དང་། སྐྱུར་དངོས་དེ་དག་གིས་རིམ་བཞིན་སོ་ལ་རུལ་སླད་བཏང་སྟེ་སོ་སྲིན་བསྐྱེད་པ་ཡིན།

        2.བཟའ་བཏུང་། བྱིས་པ་རྣམས་ནི་ཞིམ་ཟས་དང་ཀ་ར་འདུས་པའི་བཏུང་བ་སོགས་ལ་དགའ། ཀ་ར་འདུས་པའི་བཟའ་བཅའ་ནི་ཏག་ཏག་སོ་འབུ་ཆེས་དགའ་བ་དེ་ཡིན་པས། ཀ་རའི་འདུས་ཚད་ཇི་ལྟར་མཐོ་ན་ཕྲ་སྲིན་གྱིས་བསྐྱེད་པའི་སྐྱུར་དངོས་དེ་ལྟར་མང་ཞིང་། སོ་ལ་རུལ་སླད་ཐེབས་པ་དེ་བས་མགྱོགས། 

        3.སོ་ཡི་རྒྱུ་སྤུས། བྱིས་པའི་ནུ་སོ་ནི་ཧ་ཅང་གཉོམ་པོ་ཞིག་ཡིན་པར་མ་ཟད། ད་དུང་དེའི་ཐོག་ཏུ་ཀོང་ཀོང་དང་སྲུབས་ཀ་མང་པོ་ཡོད་པས། ཟས་སྙིགས་དང་ཕྲ་སྲིན་སྦས་སྐུང་བྱེད་སླ། དེའི་ཐོག་ལ་བྱིས་པ་ཚོའི་སོ་འཁྲུད་སྟངས་ཚད་ལྡན་མིན་པ་དང་སོ་འཁྲུད་པའི་གོམས་གཤིས་ཆགས་མེད་པ། མཆིལ་མའི་གཙང་སྦྲ་བྱེད་ནུས་ཞན་པ་སོགས་ཀྱི་དབང་གིས་སོ་སྲིན་སྐྱེད་པ་དེ་བས་ཀྱང་སླ་བ་ཡིན། 

        4.དུས་ཚོད། སོ་སྲིན་ནི་དགོང་མོ་གཅིག་ལ་བསྐྱེད་པ་ཞིག་མ་ཡིན་པར། དུས་ཡུན་རིང་བོའི་ནང་རིམ་བཞིན་འཕེལ་བ་ཡིན། བྱིས་པ་རྣམས་ན་ཚོད་ཆུང་བས་རང་ངོས་ནས་དོ་སྣང་བྱེད་མི་ཤེས། དེ་བས། ཁྱིམ་བདག་གིས་དུས་བཅད་ལྟར་བརྟག་དཔྱད་བྱས་ན་གནད་དོན་ཅི་ཡོད་དུས་ཐོག་ཏུ་ཚོར་ཐུབ།