རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2024-11-06   རྩོམ་ཁུངས།    中国西藏新闻网
མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ནས་ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མཉམ་དུ་སྐྲུན་པ་དང་། བདེ་ཞིང་སྐྱིད་པའི་འཚོ་བ་མཉམ་དུ་གཏོད།
ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་ཀྱི“རྒན་གྲས་སྒྲོག་འགྲེལ་ཚོགས་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་སྤྲིངས་ནས། ཁོང་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་ཐུགས་རེ་ནན་པོ་ཡང་བཅོལ་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཁྱེད་ཚོས་རང་ཉིད་ཀྱི་མྱོང་བ་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་མིར་ལོ་རྒྱུས་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས། དུས་རབས་གསར་པའི་ཧྲང་ཧའེ་གྲོང་ཁྱེར་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་བཅས་བརྗོད་པ་འདི་ནི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་པའི་བྱ་བ་ཞིག་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན། ཁྱེད་ཚོས་ཉེ་འགྲམ་གྱི་གསོན་ཉམས་དོད་པའི་གཏམ་རྒྱུད་མུ་མཐུད་ཡག་པོ་བརྗོད་ནས་གྲོང་མི་དེ་བས་མང་པོར་མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་བ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ། ཞི་མཐུན་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མཉམ་དུ་སྐྲུན་པ། བདེ་ཞིང་སྐྱིད་པའི་འཚོ་བ་མཉམ་དུ་གཏོད་པ་བཅས་ཀྱི་སྐུལ་ཁྲིད་བྱེད་རྒྱུའི་རེ་བ་ཡོད།
2019ལོའི་ཟླ་11པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས“མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པའི”འདུ་ཤེས་ཐེངས་དང་པོ་བཏོན་གནང་བ་དང་། དེ་རྗེས་ཧྲང་ཧའེ་ཡི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་པའི་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ཡོད། “རྒན་གྲས་སྒྲོག་འགྲེལ་ཚོགས་པ”ནི་ཧྲང་ཧའེ་དབྱང་ཕུའུ་ཆུས་སུ་ཡུན་རིང་ལས་ཀ་དང་འཚོ་བ་སྐྱེལ་མཁན་གྱི་ལས་བྱེད་པ་རྒན་གྲས་དང་། འཐབ་འཛིང་པ་རྒན་གྲས། རིགས་གཅིག་མཁས་ཅན་རྒན་གྲས། དགེ་རྒན་རྒན་གྲས། དཔེ་བཟང་བ་རྒན་གྲས་བཅས་ལས་གྲུབ་ཅིང་། གཙོ་བོ་གཞི་རིམ་མང་ཚོགས་ལ་ཕྱོགས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་སོགས་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་གྱི་ཡོད། ཉེ་ཆར། ཚོགས་པ་དེའི་བློ་མཐུན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་སྒྲོག་འགྲེལ་གནས་ཚུལ་སྙན་སེང་ཞུས་ཏེ། ཏང་ཡོན་གྱི་ནུས་པ་མུ་མཐུད་བཏོན་ཏེ་ཧྲང་ཧའེ་ཡི་མི་དམངས་ཀྱི་གྲོང་ཁྱེར་སྐྲུན་ཆེད་ལེགས་སྐྱེས་འབུལ་བའི་ཆོད་སེམས་མཚོན་པར་བྱས་པ་རེད།